ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་སློབ་ཐོན་མཛད་སྒོ་ཚོགས།

སློབ་ཐོན་མཛད་སྒོའི་སྟེང་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་ལགས་ཀྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་ཚོང་ལས་གཉེར་ས་ལྟ་བུ་མ་ཡིན་པར་མི་རིགས་ཤིག་གི་འཐབ་རྩོད་དང་སྲོག་རྩ་ལ་འབྲེལ་ཡོད་ཅེས་བརྗོད་འདུག

དེ་རིང་སྔ་དྲོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། ཕྱི་ལོ་༢༠༡༨ ལོའི་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ངོས་ལེན་འོག་ཡོད་པའི་སྐབས་༢ པའི་བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས་པ་དང་། སྐབས་ ༣ པའི་ཉེ་བའི་གཙུག་ལག་རབ་འབྱམས་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཡོད་པ་དང་།  མཛད་སྒོའི་སྐུ་མགྲོན་གཙོ་བོར་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་ཆེན་མོ་རང་ག་པ(Rangappa)ལགས་དང་དམིགས་བསལ་སྐུ་མགྲོན་ལ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་གཉིས་ཕེབས་ཡོད་འདུག

འདི་གའི་གསར་འགོད་པས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ། ད་ལོར་མཐར་ཕྱིན་སློབ་གཉེར་བ་ག་ཚོད་ཡོད་པ་དང་སློབ་གཉེར་བ་ཚོའི་སློབ་སྦྱོང་གི་གནས་ཚད་ག་འདྲ་བྱུང་ཡོད་པའི་སྐོར་དྲིས་པར་ཁོང་གིས། ད་ལོའི་མཐར་ཕྱིན་ཁྲོད་བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས་ཐོན་མཁན་སློབ་གཉེར་བ་ ༡༧ དང་། ཚོང་རིག་རབ་འབྱམས་ཐོན་མཁན ་༡༨། འབྱུང་རིག་རབ་འབྱམས་པ་ཐོན་མཁན་༣༠། དེ་བཞིན་ལོ་གསུམ་རིང་རབ་འབྱམས་པ་དཀྱུས་མ་ཐོན་མཁན་ ༥ བཅས་ཁྱོན་སློབ་གཉེར་བ་གྲངས་ ༧༠ བསླབ་པ་མཐར་ཕྱིན་གྱི་ཡོད་པ་རེད་ལ། སློབ་གཉེར་བ་ཚོར་མཚོན་ན། འདི་ནས་བསྡད་པའི་རིང་ལ་སློབ་སྦྱོང་གི་ཕྱོགས་ལ་ཧུར་ཐག་བྱས་སོང་།  བོད་ཡིག་རིག་གནས་རབ་འབྱམས་པ་ཚོར་མཚོན་ན། ཟླ་གསུམ་རིང་སྤྱི་ཚོགས་ལས་རིགས་འདྲ་མིན་ནང་ཉམས་གསོག་ལས་ཀ་བྱས་ཏེ་མཉམ་དུ་མཐར་ཕྱིན་ཆེད་རྩོམ་བྲིས་ཡོད་པ་རེད། ད་ལྟ་སློབ་གཉེར་བ་མང་པོ་ཞིག་ཕྱི་ལ་ཐོན་རྗེས་རང་ཉིད་ཀྱི་འདོད་མོས་དང་མཐུན་པའི་ལས་རིགས་སོ་སོར་ཞུགས་རྒྱུ་ཡིན་པ་དང་། ཡང་ལ་ཤས་ཀྱིས་མུ་མཐུད་སློབ་གཉེར་བྱ་རྒྱུ་ཡིན་དུས།  སློབ་གཉེར་བ་ཚོ་གང་དུ་སོང་ཡང་རང་ཉིད་ཀྱི་ངོ་བོ་མ་བརླག་པའི་ཐོག་ནས་ལས་གཉེར་བྱེད་ཐུབ་པའི་རེ་བ་བརྒྱབ་ཡོད། ཅེས་བརྗོད་བྱུང་།

མཛད་སྒོའི་ཐོག་མར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བུ་མོ་ཚེ་རིང་ལགས་ཀྱིས་མཛད་སྒོའི་གསུང་བཤད་གནང་སྐབས། ཕྱི་ལོ་༢༠༡༣ ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་ལེན་གནང་ཡོད་པ་དང་། སྐབས་དེར་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་ཆེན་མོ་རང་ག་པ་ལགས་ཀྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་ཚོང་ལས་གཉེར་ཐབས་བྱེད་ས་ཞིག་མ་ཡིན་པར་རྩ་དོན་གྱི་ཆེད་དུ་འབད་བརྩོན་བྱེད་ས་ཞིག་ཡིན་དགོས་པར་བརྗོད་སོང་བ་དང་། ཁོང་གི་བཀའ་དྲིན་ལ་བརྟེན་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་མེ་སོར་གཙུག་ལག་སློབ་གཉེར་ཁང་ལ་ཕྱི་རྒྱལ་སློབ་མའི་སློབ་ཡོན་སྤྲད་མི་དགོས་པ་གནང་སྟེ། ཡུལ་མི་རང་བཞིན་གྱི་སློབ་ཡོན་སྤྲད་ཆོག་པ་བཟོས་ཡོད་པ་རེད་ལ། དེ་བཞིན་འདས་པའི་ལོ་ངོ་དྲུག་གི་རིང་ལ་ཁོང་གིས་བླ་མེད་ཀྱི་རྒྱབ་སྐྱོར་དང་ང་ཚོའི་འབད་བརྩོན་ལ་བརྟེན་ནས་ཤེས་ཡོན་ཐོག་དམིགས་ཡུལ་དང་མཐུན་པའི་ལེགས་འགྲུབ་ཆེན་པོ་བྱུང་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ལགས་ཀྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་བོད་ཀྱི་འཐབ་རྩོད་ཐད་གལ་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་མཚོན་ན། སྤྱིར་བཏང་གི་མཐོ་རིམ་སློབ་གཉེར་ཁང་ཞིག་མ་ཡིན་པར་མི་རིགས་ཤིག་གི་བདེ་སྡུག་དང་སྲོག་རྩ་ལ་ཐུག་བསྡད་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་ཅིག་གི་འཛུགས་སྐྲུན་ཡར་རྒྱས་ཡོང་མིན་དེ་ད་ལྟའི་གཞོན་ནུ་ཚོའི་སློབ་སྦྱོང་ལ་རག་ལས་ཡོད་དུས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་གཉེར་བ་ཚོས་རང་གིས་སྡེ་ཚན་གང་གི་ནང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་ཡིན་ནའང། མུ་མཐུད་སློབ་གཉེར་བྱས་ཏེ་མཐོ་རིམ་སློབ་སྦྱོང་དང་ཞིབ་འཇུག་རང་བཞིན་གྱི་གནས་ཚད་འཐོན་པར་འགྲོ་ཐུབ་པ་བྱ་དགོས་སྐོར་སོགས་བརྗོད་སོང་།

མཇུག་ཏུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས་སུ། ད་ལོའི་མཐར་ཕྱིན་སློབ་མ་ཚོའི་ཆེད་རྩོམ་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། ད་ལོའི་བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས་པའི་ནང་མཐར་ཕྱིན་སློབ་གཉེར་བ་ ༡༧ ཡོད་པ་ལས། རྩོམ་རིག་སྐོར་ལ་མཐར་ཕྱིན་ཆེད་རྩོམ་འབྲི་མཁན་སློབ་གཉེར་བ་༧ ཡོད་པ་དང་། སྤྱིའི་ཆ་ནས་ཚང་མས་ཡག་པོ་བྱས་འདུག  ཆེད་རྩོམ་གྱི་བརྗོད་གཞི་ལ་མཚོན་ན་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག དེ་བཞིན་མགུར་གླུ་དང་གླིང་སྒྲུང་། གཞུང་ལུགས་རྩོམ་རིག་དང་དམངས་ཁྲོད་རང་བཞིན་རྩོམ་རིག་སོགས་ཀྱི་སྐོར་ནས་ཡིན་པ་རེད། དམིགས་བསལ་ཞིག་ལ་ད་ལོའི་ཆེད་རྩོམ་འབྲི་སྟངས་ཐབས་ལམ་དེ་སྤྱིར་བཏང་གི་མཁས་པའི་དཔྱད་རྩོམ་འབྲི་སྟངས་དང་སློབ་ཐོན་དཔྱད་རྩོམ་འབྲི་སྟངས་གཉིས་ཡོད་པ་ལས། གཙོ་བོ་སློབ་ཐོན་ཆེད་རྩོམ་འབྲི་སྟངས་ཀྱི་ཐབས་ལམ་སྤྱད་ཡོད་པ་རེད་ལ། མཐོ་རིམ་སློབ་ཐོན་གྱི་ཆེད་རྩོམ་འབྲི་སྟངས་ལ་མཚོན་ན་ངེས་པར་དུ་ཐུན་མོང་རང་བཞིན་དང་གཅིག་གྱུར་རང་བཞིན་གྱི་ངོས་ནས་ཆ་རྐྱེན་དང་ལྷུ་ལག་མང་པོ་ཞིག་ཚང་དགོས་པ་རེད། ད་ལོར་ང་ཚོའི་ངོས་ནས་ཐབས་ལམ་དེ་ཨེ་ཐུབ་ལ་འབད་བརྩོན་བྱས་ཡོད་པ་རེད། དེ་མ་ཡིན་པའི་རྒྱལ་རབས་དང་ནང་ཆོས་སོགས་ཀྱི་སྐོར་ལ་དཔྱད་རྩོམ་འབྲི་མཁན་ཡང་ཡོད་པ་རེད། ཅེས་བརྗོད་བྱུང་།

ད་ལྟའི་ཆར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་དགེ་ལས་གྲངས་ ༤༥ དང་སློབ་གཉེར་བ་གྲངས་༢༧༢ ཡོད་པ་དང་། ད་ལོ་ནས་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་ཁག་གི་སྒྲིག་གཞི་ལྟར། ཁོངས་གཏོགས་མཐོ་སློབ་ཁག་མ་གཏོགས་ངོས་ལེན་བྱེད་མི་ཆོག་པ་བཟོས་ཡོད་པས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་བྷང་ལོར་གྲོང་ཁྱེར་ཁྱབ་ཁོངས་སུ་ཡོད་སྟབས། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་འོག་ནས་བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་སུ་སྤོ་བཞིན་ཡོད་པ་དང་། ཚོང་རིག་དང་འབྱུང་རིག་སྡེ་ཚན་གཉིས་ད་ལོ་ནས་བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་སུ་སྤོས་ཡོད་པ་དང་། བྷང་ལོར་གཙུག་ལག་སློབ་གཉེར་ཁང་གིས་ད་ལོར་སློབ་གཉེར་བ་གྲངས་ ༤༨༠ བསྡུ་ཆོག་པའི་ཆོག་མཆན་གནང་་ཡོད་འདུག ཡིན་ནའང་། བོད་ཡིག་དང་རྒྱ་ཡིག་ཆེད་སྦྱོང་སྡེ་ཚན་གཉིས་མུ་མཐུད་ལོ་གཅིག་གཉིས་ཤིག་ལ་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་འོག་ཏུ་འདུག་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༤

Leave a Reply

One thought on “ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་སློབ་ཐོན་མཛད་སྒོ་ཚོགས།

  1. ལྡི་ལི་དང་ལྷོ་ཕྱོགས་སུ་རྒྱ་གར་གྱི་མཐོ་སློབ་ཁག་གྱི་བོད་སློབ་རྣམས་ཀྱི་སློབ་ཐོན་གསར་རྒྱུར་ཡང་འསི་ལྟར་བཀོད་ན་ཧ་ཅང་ལེགས།།🙏