མ་ལི་ཤི་ཡའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མ་ལི་ཤི་ཡའི་སྲིད་བློན་གསར་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན། མ་ལི་ཤིའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་མ་ལི་ཤི་ཡའི་དེ་སྔའི་སྲིད་བློན་ཟུར་པ་སྐུ་ཞབས་མ་ཧ་ཐུར་མོ་ཧ་མེ་ཊི་(Dr. Mahathir Mohamad)མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་མཛད་འདུག

འཚམས་འདྲིའི་གསུང་འཕྲིན་ནང་། སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་ཐེངས་འདིར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་ནས་སྐུ་ཉིད་མཆོག་སླར་ཡང་སྲིད་བློན་དུ་འོས་འདེམས་བྱུང་བར་ངོས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ཕྱི་ལོ་ ༡༩༨༢ ལོར་ངོས་རང་མ་ལི་ཤི་ཡ་རུ་ལྟ་སྐོར་དུ་བསྐྱོད་པ་དེ་དྲན་གསོས་ཀྱི་འདུག་ལ། སྐུ་ཉིད་མཆོག་ལ་དགའ་སྤོབས་ངང་ཞུ་རྒྱུ་ཞིག་ལ་དེང་སྐབས་རྒྱ་གར་དུ་གནས་མཇལ་ལ་ཕེབས་མཁན་མ་ལི་ཤི་ཡའི་གྲོགས་པོ་མང་པོ་ཞིག་དང་ཐུག་འཕྲད་ཡོང་བཞིན་འདུག  མ་ལི་ཤི་ཡའི་གྲོགས་པོ་མང་པོ་ཞིག་ནས་ངོས་ཀྱིས་བྱམས་བརྩེ་དང་ཆོས་ལུགས་མཐུན་སྒྲིལ་གཞི་རྩར་གྱུར་བའི་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་བཞིན་པའི་ལས་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བཞིན་པ་དེར་ངོས་ཀྱིས་ཡི་རངས་ཞུ་བཞིན་ཡོད། སྐུ་ཉིད་མཆོག་སྲིད་བློན་གྱི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་དཀའ་ངལ་རྣམས་ལ་གདོང་ལེན་གནང་བ་བརྒྱུད། མ་ལི་ཤི་ཡའི་མི་མང་གི་མངོན་འདོད་རྣམས་བསམ་དོན་ལྷུན་གྱིས་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།  ཞེས་འཁོད་འདུག

མ་ལ་ཤི་ཡའི་སྲིད་བློན་གསར་པ་སྐུ་ཞབས་མ་ཧ་ཐུར་མོ་ཧ་མེ་ཊི་མཆོག་ནི་ད་ལྟ་དགུང་ལོ་ ༩༢ ཡིན་པ་དང་འཛམ་གླིང་གི་ལོ་རྒྱུས་ནང་སྲིད་བློན་རྒན་ཤོས་དེ་ཆགས་ཡོད་འདུག ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས ༢༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མ་ལི་ཤི་ཡའི་སྲིད་བློན་ཊན་གོ་ཨ་རྡོ་རྭ་མན་(Tunku Abdul Rahman)མཆོག་གི་གཞུང་འཛིན་སྐབས་སུ་ཐེངས་དང་པོར་རྒྱལ་ཁབ་དེར་ཕེབས་ཡོད་པ་དང་། དེ་ནི་ཁོང་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཐེངས་ ༡༢ པ་དེ་ཡིན་འདུག

བསྐྱར་བཅོས།: ༢༠༡༨/༠༥/༡༨

Leave a Reply