གྲོང་ཁྱེར་རྩོད་རྙོག་ཁྲོད་མི་ ༥༨ བསད་འདུག

ཨི་ཛི་རལ་དང་པ་ལི་སི་ཐན་བར་གྱི་རྩོད་རྙོག་ཆེ་བའི་གྲོང་ཁྱེར་ཇེ་རོ་སཱ་ལམ་ནང་ཨ་རིའི་གཞུང་ཚབ་སྤོས་བར་བརྟེན་བསྐྱར་དུ་ཟིང་འཁྲུག་བྱུང་བཞིན་ཡོད་འདུག
དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།  ཁ་སང་ཨ་རིའི་གཞུང་འབྲེལ་ཐོག་གྲོང་ཁྱེར་ཇེ་རོ་སཱ་ལམ་(Jerusalem)ཨི་ཛི་རལ་(Israel) གྱི་རྒྱལ་སར་ངོས་འཛིན་གྱིས། ཡུལ་དེར་ཨ་རིའི་གཞུང་ཚབ་གནས་སྤོ་བྱས་པར་བརྟེན། ཨི་ཛི་རལ་དང་པ་ལི་སི་ཐན་ (Palestin) གཉིས་ཀྱི་ཤར་ཁུལ་ས་མཚམས་སུ་ཡོད་པའི་རང་སྐྱོང་ཁུལ་ཀཱ་རྫ་ (Gaza) ཞེས་པའི་ནང་དུ། པ་ལི་སི་ཐན་མི་མང་གིས་ཨི་ཛི་རལ་དྲག་དམག་ལ་ངོ་རྒོལ་བྱས་པར་བརྟེན་མེ་མདས་བརྒྱབས་པ་སོགས་དྲག་གནོན་བྱས་ཏེ་ཉུང་མཐར་མི་གྲངས་ ༥༨ བསད་པ་དང་། མི་ ༢༧༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ཁ་སང་སྲིད་འཛིན་ཊོམ་ཕུའི་ཁོ་རང་གི་ཊེ་ཊིར་སྤྱི་ཚོགས་བརྒྱུད་ལམ་དུ་དེ་རིང་ནི་ཨི་ཛི་རལ་མཚོན་ན་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པས་རྟེན་འབྲེལ་ཞུ་བཞིན་ཡོད་ཅེས་འཁོད་འདུག

ཨི་ཛི་རལ་བདེ་སྲུང་བློན་ཆེན་གྱི་མགྲིན་ཚབ་པས། ང་ཚོའི་དྲག་ཆས་དམག་གིས་ས་ཁུལ་རྩོད་རྙོག་ལ་ཁ་གཡར་ནས་འཇིགས་སྐུལ་དྲག་སྤྱོད་སྤེལ་མཁན་ཚོར་མེ་མདའ་བརྒྱབས་པ་ལས་དེ་མིན་ངོ་རྒོལ་བྱེད་མཁན་ཚོ་ནམ་རྒྱུན་ལྟར་ཁྲིམས་དང་མཐུན་པའི་ངང་མིག་ཆུ་ཤོར་བའི་དུག་རྫས་གཏོར་ནས་ཁ་འཐོར་དུ་བཅུག་པ་ཡིན་ཞེས་བརྗོད་ཡོད་ཀྱང་། པ་ལི་སི་ཐན་ཕྱོགས་ནས་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་ཚོར་རྒྱལ་ཡོངས་རང་བཞིན་གྱིས་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཡུལ་དེའི་སྲིད་འཛིན་མ་ཧོམ་ཌི་ཨ་བྷ་སི་(Mahmoud Abbas) ཡིས་དེ་རིང་བསྐྱར་དུ་དྲག་ཆས་དམག་གིས་མི་མང་བསད་སོང་ལ། དམར་གསོད་མཁན་ཚོས་མི་མང་ལ་མུ་མཐུད་དྲག་གནོན་བྱ་ཡི་ཡོད་སྐོར་སོགས་བརྗོད་འདུག

ཁ་སང་ཨ་རིའི་ཇེ་རོ་སཱ་ལམ་ནང་གཞུང་ཚབ་བསྐོ་བཞག་གི་མཛད་སྒོའི་སྟེང་ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཇེར་ཌི་ཀུ་ཤི་ནིར་(Jared Kushner)དང་ཨ་རིའི་སྐུ་ཚབ་མི་སྣ་ཁག་ཅིག་བཅར་ཡོད་པ་དང་། ཕོ་བྲང་དཀར་པོའི་སློབ་སྟོན་པས་སྲིད་འཛིན་ཊོམ་ཕུས་སྔར་ལོ་ནས་ཇེ་རོ་སཱ་ལམ་ཨ་ཛི་རལ་གྱི་རྒྱལ་ས་ལ་ངོས་འཛིན་ཡོངས་བསྒྲགས་བྱས་ཡོད་པ་རེད་ལ། ཁོང་གིས་ཁས་ལེན་བྱས་པའི་ལས་དོན་དེ་ག་དུས་ཡིན་ནའང་དོན་འཁྱོལ་ཡོང་བ་བྱེད་པ་རེད་ཅེས་བརྗོད་ཡོད་པ་དང་། མཛད་སྒོའི་སྟེང་རྒྱལ་སྤྱིའི་རྒྱལ་ཁབ་ ༣༣ མཉམ་ཞུགས་བྱས་ཡོད་པ་དང་ཨི་སི་རལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ཕྱོགས་ཡོངས་ནས་ཨི་ཛི་རལ་དང་མཉམ་འབྲེལ་ཡོངས་ཐབས་སུ་རྒྱལ་སྤྱིའི་རྒྱལ་ཁབ་༨༨ ལ་མགྲོན་འབོད་བྱས་ཡོད་ན་ཡང་། མཐར་མར་རྒྱལ་ཁབ་༣༣ ཙམ་ལས་ཡོང་ཐུབ་མེད་སྐོར་བརྗོད་འདུག

གནད་དོན་དེ་ནི་ཕྱོགས་གཉིས་བར་ཁ་ཆེ་དང་ཡེ་ཤུ་ཆོགས་ལུགས་སོགས་ཀྱི་གནས་ཆེན་ཇེ་རོ་སཱ་ལམ་གྱི་བདག་དབང་ཆེད་བྱུང་བ་ཞིག་ཡིན་པ་དང་། ཨི་ཛི་རལ་གྱིས་གནས་ཆེན་ཇེ་རོ་སི་ལམ་གྲོང་ཁྱེར་ཡོངས་རྫོགས་ཁ་བྲལ་ཐབས་མེད་པའི་ཁོ་རང་ཚོའི་རྒྱལ་ས་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། པ་ལི་སི་ཐན་གྱིས་ད་ལྟ་ཨི་ཛི་རལ་མངའ་འོག་ཏུ་ཡོད་པའི་ཇེ་རོ་སི་ལམ་གྱི་ཤར་ཕྱོགས་ཁུལ་ནི་ཕྱི་ལོ་༡༩༦༧ ལོར་ཨི་ཛི་རལ་གྱིས་བཙན་བཟུང་བྱས་པ་ཞིག་ཡིན་ལ། མ་འོངས་པར་དེ་ནི་པ་ལི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

འདས་ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུས་གྲོང་ཁྱེར་ཇེ་རོ་སཱ་ལམ་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་བསྒྲགས་པར་བརྟེན། གྲོང་ཁྱེར་དེའི་བདག་དབང་རྩོད་རྙོག་སྔར་ལས་ཤུགས་ཆེ་རུ་ཕྱིན་ཏེ་ངོ་རྒོལ་ཟིང་འཁྲུག་རིམ་པར་བྱུང་ཡོད་པ་དང་། སྐབས་དེར་མཐའ་མཚམས་སུ་ཡོད་པའི་ཡུལ་གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ། ཕྱོགས་གཉིས་ཀྱི་དམག་མི་ ༡༠༠ ལྷག་ལ་ཤི་རྨས་བྱུང་སྟེ་རྒྱལ་སྤྱིའི་སྟེང་སྲིད་འཛིན་ཊོམ་ཕུའི་ཐག་གཅོད་དེ་དང་ལེན་མ་བྱས་ཁར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་ཊོམ་ཕུའི་ཐག་གཅོད་དེ་མང་མོས་ངོས་ལེན་མེད་པར་རྩིས་མེད་བཏང་ཡོད་པ་རེད།

ཨི་ཛི་རལ་དང་པ་ལི་སི་ཐན་བར་གྱི་རྩོད་རྙོག་དེ་ནི་ལོ་ངོ་སྟོང་ཕྲག་རིང་མཚམས་ཆད་མ་མྱོང་བའི་རྩོད་རྙོག་ཅིག་ཡིན་པ་དང་། ཕྱི་ལོ་༡༩༦༧ ལོར་དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག་སྐབས་གྲོང་ཁྱེར་དེ་ཨི་ཛི་རལ་གྱིས་དབང་བསྒྱུར་བྱས་ཡོད་ན་ཡང་། ཕྱི་ལོ་༡༩༩༣ ལོར་ཨི་ཛི་རལ་དང་པ་ལི་སི་ཐན་བར་ལ་ཞི་བའི་གྲོས་མཐུན་ཞིག་བཞག་སྟེ། ཇེ་རོ་སཱ་ལམ་གྱི་གནད་དོན་དེ་རྗེས་སུ་ཞི་མཐུན་གྱི་ངང་ནས་ཐག་གཅོད་རྒྱུ་བྱས་ནས་ས་མཚམས་ཁུལ་གྱི་ཟིང་འཁྲུག་ཅུང་ཞི་འཇགས་སུ་ཕྱིན་ཡོད་ན་ཡང་། ཕྱི་ལོ་༢༠༡༧ ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ས་ཆ་དེ་ཨི་ཛི་རལ་གྱི་ཡིན་སྐོར་ཡོངས་བསྒྲགས་གནང་སྟེ་ཡུལ་གཉིས་བར་གྱི་ཟིང་འཁྲུག་བསྐྱར་དུ་བསླངས་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༥

Leave a Reply

One thought on “གྲོང་ཁྱེར་རྩོད་རྙོག་ཁྲོད་མི་ ༥༨ བསད་འདུག

  1. གལ་ཏེ་ཨི་ཛི་རལ་གཞུང་དམངས་དེ་འདྲའི་གྱོང་པོ་མིན་ན།དཀྱིལ་ཤར་ཡུལ་གྲུབ་ཀྱི་ཁ་ཆེ་དེ་ཚོས་ཟ་ཚར་ཡག་རེད།