ལྷ་སར་འཕུར་བའི་གནམ་གྲུ་ཞིག་ལ་ཆག་སྐྱོན་བྱུང་།

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་སར་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་སྒེའུ་ཁུང་གློ་བུར་དུ་ཆག་སྟེ་འགྲུལ་བ་རྣམས་ལ་འཇིགས་སྐྲག་ཆེན་པོ་བྱུང་ཡོད་ཀྱང་མཐར་ཁྲིན་ཏུའི་རྒྱལ་སྤྱིའི་གནམ་ཐང་དུ་འབབ་ཐུབ་ཡོད་འདུགཁ་སང་སྔ་དྲོར་རྒྱ་ནག་གི་གྲོང་ཁྱེར་ཁྲུང་ཆིན་ནས་ལྷ་སར་འཕུར་བའི་སི་ཁྲོན་མཁའ་འགྲུལ་ཁང་གི་འགྲུལ་སྐྱེལ་གནམ་གྲུ་ཨང་རྟགས་(༣U༨༦༣༣ )ཅན་ཞིག་ས་ངོས་ནས་མཐོ་ཚད་༣༢༠༠༠ ཙམ་གྱི་ས་ནས་འཕུར་སྐྱོད་བྱེད་སྐབས། ཁ་ལོ་བའི་གཡོན་ངོས་མདུན་ཕྱོགས་ཀྱི་སྒེའུ་ཁུང་ལ་སྒྲ་ཆེན་པོ་ཞིག་དང་བཅས་ཆག་སྐྱོན་ཤོར་ཡོད་པ་དང་། མཁའ་རླུང་དྲག་པོས་སྒེའུ་ཁུང་གཞན་རྣམས་དང་འཕུར་སྐྱོད་ཚོད་འཛིན་མ་ལག་མང་པོར་སྐྱོན་ཤོར་ཀྱང་། ཁ་ལོ་བས་དེ་མ་ཐག་འགྲུལ་བ་རྣམས་རང་རང་གི་སྡོད་སར་བརྟན་པོ་སྡོད་ཐབས་དགོས་པའི་བརྡ་བཏང་སྟེ། གནམ་གྲུ་ཕྱིར་ཁྲིན་ཏུའུ་ཡི་ཕྱོགས་སུ་བསྐོར་ནས་སང་ལཱ་རྒྱལ་སྤྱིའི་གནམ་ཐང་དུ་བབས་ནས་མི་ལ་འཆི་སྐྱོན་བྱུང་མེད་འདུག

རྒྱ་ནག་གི་གསར་ལམ་ནས་བསྒྲགས་པ་ལྟར་ན། སྒེའུ་ཁུང་ཆག་པ་དང་མཁའ་རླུང་དྲག་པོས་གནམ་གྲུ་འཕུར་སྐྱོད་ལ་འགོག་རྐྱེན་ཆེན་བཟོས་ཡོད་པ་མ་ཟད། ཁ་ལོ་བ་གཞོན་པ་རླུང་གིས་འཁུར་ཏེ་ལུས་ཕྱེད་སྒེའུ་ཁུང་གི་ཕྱི་རུ་ཐོན་ནའང་སྲུང་སྐྱོབ་ཐག་པས་བརྡམས་ཡོད་པས་རྦད་དེ་འཁུར་ཐུབ་མེད་པ་རེད། ཐེངས་འདིའི་དོན་རྐྱེན་ཁྲོད་ཁ་ལོ་བ་གཙོ་བོ་དང་གཞོན་པ། དེ་བཞིན་ཞབས་ཞུ་བ་ཞིག་ལ་རྨས་སྐྱོན་ཕོག་སྟེ། ད་ལྟའི་ཆར་རྒྱལ་སྤྱིའི་གནམ་ཐང་དེའི་ཉེ་འགྲམ་དུ་ཡོད་པའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེ་བཞིན་ལྷ་སར་འགྲོ་མཁན་འགྲུལ་བ་ ༢༧ ཞིག་ལ་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་འདུག

གནམ་གྲུའི་ཁ་ལོ་བ་ལུའུ་ཁྲོན་ཅན་གྱིས་གསར་འགོད་པར། ཤེལ་སྒོ་ཆག་པ་དང་གནམ་གྲུའི་ནང་ལོག་གི་དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ་༤༠ བར་མར་ཆག་པ་དང་དབྱང་རླུང་ཡང་ཤིན་ཏུ་དཀོན་པོར་གྱུར་སྟབས།  མགྱོགས་པོར་འབབ་མ་ཐུབ་ན་ཚང་མ་འཁྱག་ཤི་ཐེབས་པའི་ཉེན་ཁའང་ཡོད་པར་བརྟེན། དོན་རྐྱེན་བྱུང་མ་ཐག་ངའི་ལས་འགན་དང་པོ་ནི་ས་ངོས་འབྲེལ་ཡོད་ལས་ཁུངས་ལ་བརྡ་བརྒྱབས་ཏེ། འཕྲལ་དུ་ཕྱིར་ཁྲིན་ཏུའུ་གནམ་ཐང་དུ་ལོག་རྒྱུ་དེ་ཡིན་ལ། གནམ་གྲུ་སྐར་མ་༢༠ ནང་ཚུན་དུ་ས་ལ་འབབ་ཐུབ་སོང་། ཞེས་བརྗོད་འདུག

དེ་རིང་སི་ཁྲོན་མཁའ་འགྲུལ་ཚོང་གཉེར་ཁང་གི་གཞུང་འབྲེལ་སྤྱི་ཚོགས་དྲ་རྒྱ་ཝེ་པོའི་སྟེང་དུ། གནམ་གྲུར་སྐྱོན་བྱུང་ཡོད་ན་ཡང་བདེ་འཇགས་ངང་ས་ལ་འབབ་ཐུབ་པ་བྱུང་ཡོད། རྒྱས་བཤད་མང་པོ་ཞིག་མི་དགོས་པ་བྱོས། ད་ལྟ་འགྲུལ་བ་ཚང་མ་གནམ་གྲུ་གཞན་ཞིག་གི་ནང་དུ་བཞག་ནས་ལྷ་སར་བདེ་ལེགས་ངང་འབྱོར་ཡོད། ཅེས་བསྒྲགས་འདུག

འདས་པའི་ལོ་ཁ་ཤས་སྔོན་ནས་རྒྱ་ནག་གི་གནམ་གྲུ་མང་པོར་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྒང་ནས་རྒྱ་ནག་གི་གནམ་གྲུ་བཟོ་བྱེད་རྒྱུ་ཆ་ཞན་པོ་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། འདས་ལོར་མི་གྲངས་༢༦༤ ཡོད་པའི་རྒྱ་ནག་གི་གནམ་གྲུ་ཞིག་ཨོ་སི་ཊོ་ལེ་ཡ་ནས་རྒྱ་ནག་ཧྲང་ཧེ་ལ་འཕུར་བཞིན་པའི་སྐབས་སུ་གློ་བུར་དུ་ཆག་སྐྱོན་བྱུང་ཡོད་པ་དང་། དེ་བཞིན་འདས་ལོར་རྒྱ་ནག་གིས་བཟོས་བའི་འབར་མའི་གནམ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར་རྗེས་རྒྱ་མཚོའི་ནང་ལྷུང་སྟེ་འགྲུལ་བ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༥

Leave a Reply

One thought on “ལྷ་སར་འཕུར་བའི་གནམ་གྲུ་ཞིག་ལ་ཆག་སྐྱོན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་།

    མི་བཟོ་དགུ་བཟོ་མི་གི་བཟོས་།
    གནམ་འཕུར་ས་རྒྱུགས་ཆུ་འོག་འགྲོ་།
    འཕྲིན་ལས་མྱུར་ལ་ཉེན་ཁ་ཆེ་།
    མི་བྱེད་དགུ་བྱེད་ཚན་རིག་ཚོ་།
    ཟབ་ཟབ་གནང་ནས་ལྟོ་གོས་ཚོལ་།