ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་རྒྱལ་ཁབ་ཁག་ ༥༡ ལྷག་ནས་ཡོང་བའི་དད་ལྡན་དོན་གཉེར་ཅན་གྱི་གཙོས་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༦༠༠༠ ཡས་མས་ལ་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བསྩལ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཟླ་བཞི་པའི་ཚེས་གཅིག་ཉིན་གྱི་ས་ག་ཟླ་བའི་དུས་ཆེན་དང་བསྟུན་ཕྱི་ནང་དད་ལྡན་སེར་སྐྱ་རྣམས་ལ་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བསྩལ་སོང་བ་དང་། ཐེངས་འདིའི་གསུང་ཆོས་ཞུ་བར་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་ ༥༡ ལྷག་ནས་ཡོང་བའི་དད་ལྡན་དོན་གཉེར་ཅན་བཅས་ཁྱོན་ཆོས་ཞུ་བ་ ༦༠༠༠ ཡས་མས་འཛོམས་འདུག

གསུང་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་། ང་ཚོས་ལོ་ལྟར་མ་ཎི་དུང་སྒྲུབ་འཚོགས་ཀྱི་ཡོད་པ་རེད། དེ་རིང་འདིར་མ་ཎི་དུང་སྒྲུབ་ཀྱི་དབུ་ཚུགས་ཏེ་དེའི་སྒྲུབ་ཕྱོགས་དེ་སྤྱན་རས་གཟིགས་ཕྱག་བཞི་པ་ཡིན་པ་ཡོད། སྔོན་མ་ངོས་རང་གིས་སྐབས་རེར་བྱིན་རླབས་བྱེད་ཀྱི་ཡོད་པ་རེད། འཆར་ཅན་ཕལ་ཆེར་ཡོང་ཐུབ་ཡོད་པ་མ་རེད། དེ་རིང་འདིར་སྤྱན་རས་གཟིགས་ཀྱི་རྗེས་གནང་ཞིག་བྱེད་དགོས་དྲན་བྱུང་། རྗེས་གནང་འདི་ནི་རིན་འབྱུང་བརྒྱ་རྩའི་ནང་ཡོད་པའི་སྤྱན་རས་གཟིགས་ཇོ་ལུགས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ཅན་དེ་རེད། དེ་འདུམ་བདེ་བོ་དང་ཡག་པོ་ཡོད་པ་རེད། ངོས་རང་ཆུང་ཆུང་སྐབས་སུ་རིན་འབྱུང་བརྒྱ་རྩའི་རྗེས་གནང་དེ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་རེད། སྤྱན་རས་གཟིགས་འདིའི་ཐོག་ནས་སྒོས་ཀྱི་བསྙེན་པ་དམིགས་བསལ་བྱས་མེད་ན་ཡང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ངན་སོང་ཀུན་གྲོལ། དེ་བཞིན་༧གོང་ས་ལྔ་བ་ཆེན་པོའི་དག་སྣང་རྒྱ་ཆེན་ནང་གི་ལོ་ཀེ་ཤྭ་ར་ལྷ་དགུ་བཅས་ཀྱི་ཐོག་ནས་ངོས་ཀྱིས་མ་ཎིའི་བསྙེན་པ་ཕལ་ཆེར་ས་ཡ་གཅིག་གཉིས་ཤིག་བཏང་ཡོད་པ་རེད། མ་ཎི་འབྲུ་འབུམ་འབྲུ་འབུམ་བསགས་ནས་བསྙེན་པ་དགའ་རབ་ཕྱིན་ཡོད་པ་རེད། དེར་བརྟེན་དེ་རིང་འདིར་དེའི་རྗེས་གནང་ཞིག་བྱེད་དགོས་དྲན་པ་རེད། ཅེས་གསུངས་སོང་།

ཁོང་ཉིད་ཀྱིས་མུ་མཐུད་སྔགས་ཀྱི་ཆོ་ག་འདོན་སྟངས་སྐོར་ནས་གསུངས་དོན། སྔགས་ཀྱི་ཆོ་ག་ཇི་འདྲ་ཞིག་བཏོན་པ་ཡིན་ནའང་བླ་མ་ཡི་དམ་རང་སེམས་ངོ་བོ་དབྱེར་མེད་དུ་བལྟས་ནས་ཟློས་པ་བསགས་དགོས་པ་རེད། ང་རྒྱལ་དང་གསལ་སྣང་དེ་ལྟར་འདོན་དགོས་པ་རེད། ཡི་དམ་ཞེས་ཕར་ཕྱོགས་ཤིག་ལ་ཟུར་དུ་ཡོད་པ་ཞིག་དང་ང་རང་ཚོ་སོ་སྐྱེས་ཐ་མལ་བར་བསམ་བློ་བཏང་ན་འགྲིག་གི་ཡོད་པ་མ་རེད། སྔགས་ཀྱི་ཟབ་ཁྱད་ནི་ད་ལྟ་ནས་ཁམས་བདེ་གཤེགས་སྙིང་པོ་ནི་ད་ལྟ་དྲི་བཅས་ཡིན་ཀྱང་། ང་རང་ཚོས་སྟོང་ཉིད་སྒོམ་ནས་ཁམས་བདེ་གཤེགས་སྙིང་པོ་དྲི་བྲལ་དུ་གྱུར་བར་སྨོན་ནས་དེ་ལ་བསམ་བློ་གཏོང་དུས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན་ཞེས་པ་དེ་རེད། ཅེས་གསུངས་རྗེས། རྗེས་གནང་གི་ཆོ་ག་དབུ་འཛུགས་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་དང་མ་ཎི་ཡི་གེ་དྲུག་མར་འགྲེལ་བཤད་གནང་སྟེ། རྗེས་གནང་དངོས་གཞི་བཅས་རིམ་པར་སྩལ་རྗེས་ས་ག་ཟླ་བའི་ཚེས་གཅིག་ཉིན་གྱི་མ་ཎི་དུང་སྒྲུབ་དབུ་འཛུགས་སུ་ཇོ་བོ་རྗེའི་ལུགས་ཀྱི་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་གནང་སྒོ་རྗེས་མཇུག་ལེགས་པར་གྲུབ་མཛད་སོང་།

དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་གསལ་བ་ལྟར་ན། འདི་ལོའི་ཕིུ་ཟླ་༦ ཚེས་༦ ནས་༨ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྟུན་མར་ཉིན་གསུམ་རིང་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་གནང་རྒྱུ་ཡིན་པ་དང་། དེའི་རྗེས་ཕྱི་ཚེས་༡༤ ཉིན་ནས་ཡོ་རོབ་ནང་ཆིབས་སྒྱུར་བསྐྱང་སྟེ། ཉིན་དེའི་སྔ་དྲོར་ཡུ་རོབ་ཀྱི་ལི་ཐུ་ཝེ་ནི་འ་(Lithuania)རྒྱལ་ཁབ་ཀྱི་ཝི་ལན་ནིའུ་སི་(Vilnius)གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་ཐབས་བྱུས་(The Art of Happiness)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཚེས་༡༦ ནས་༡༧ བར་ཊི་ཝི་ཡའི་བོད་སྐྱོབ་ཚོགས་པ་དང་། མའོ་སི་ཁོ་བོད་ཀྱི་ཐེབས་རྩ། མའོ་སི་ཁོ་བོད་ཀྱི་དོན་གཅོད་ཁང་བཅས་ནས་གསོལ་འདེབས་ཞུས་དོན་ལྟར། ཡུ་རོབ་བྱང་བརྒྱུད་ལ་ཊི་ཝེ་ཡའི་རྒྱལ་ས་ (Riga)ནང་རྟེན་གཞི་བྱས་པའི་ (Skonto) ཚོགས་ཁང་ཆེན་མོའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་ཆོས་འབྲེལ་གནང་རྒྱུ་དང་།  ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་མི་མང་ལ་འཇམ་པའི་དབྱངས་ཀྱི་རྗེས་གནང་གསུང་ཆོས་སྩལ་གནང་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༧

Leave a Reply

2 thoughts on “ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བསྩལ།

  1. ཏཱ་ལའི་ལ་རང་སྐྱོན་ངོས་ལེན་བྱས་ནས་མེས་རྒྱལ་ཀྲུང་བོད་ལ་ཕེབས་རོགས། དགྲ་ཕྱོགས་ལ་འབྲེལ་བ་གཙང་བཅད་བྱས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླགས་མ་བྱེད་རོགས། སྤྱི་ཚོགས་བདེ་འཇགས་ཆེད་བོད་ནང་དུ་རང་བསྲེགས་ལས་འགུལ་མ་སྤེལ་རོགས། བཙན་རྒྱལ་རིང་ལུགས་པའི་རྒྱུག་ཁྱི་བྱས་ནས་ཁ་བྲལ་རིང་ལུགས་སླར་གསོ་མ་གནང་རོགས་ཞེས་འབོད་བསྐུལ་དང་ངོ་རྒོལ་གཉིས་བྱེད་བཞིན་པ་དངོས་ཡོད་གནས་ཚུལ་རེད།

  2. དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་གསལ་བ་ལྟར་ན། འདི་ལོའི་ཕིུ་ཟླ་༦ ཚེས་༨ ཉིན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྟུན་མར་ཉིན་གསུམ་རིང་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་གནང་རྒྱུ་ཡིན་པ་དང་

    ཕྱི་ཟླ་༦ ཚེས་༨ ནས་མ་རེད། ཕྱི་ཟླ་ ༦ ཚེས་ ༦ ནས་ ༨ བར་ཡིན་པ་གསལ་གྱི་འདུག