ཨ་བྱང་གཉིས་ཀྱི་མགོ་འཁྲིད་ཐུག་འཕྲད་ལ་འགྱུར་བ་ཐེབས་སྲིད།

ཨ་རིའི་སྲིད་འཛིན་ཊོམ་ཕུས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིང་གྷ་པུར་ནང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་ཁོང་གཉིས་ཐུག་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་དེ་རིང་བྱང་ཀོ་རི་ཡ་ཕྱོགས་ནས་དེ་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་སྐོར་བསྒྲགས་འདུགལྷོ་ཀོ་རི་ཡ་དང་ཨ་རི་གཉིས་ཀྱིས་མཉམ་འབྲེལ་མཁའ་དམག་སྦྱོང་རྡར་(Max Thunder)ལོ་ལྟར་བྱེད་ཀིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༤ ཉིན་མགོ་འཛུགས་ཀྱིས་ཚེས་ ༢༥ ཉིན་བར་མཁའ་དམག་སྦྱོང་རྡར་བྱེད་བཞིན་ཡོད་སྟབས། བྱང་ཀོ་རི་ཡས་དེར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། བྱང་ཀོ་རི་ཡ་གཞུང་ཕྱོགས་ནས་དེ་རིང་འཚོགས་གཏན་འཁེལ་ཡོད་པའི་ལོ་ངོ་བཅུ་ཕྲག་འགའི་དམག་འཁྲུག་དང་རྡུལ་ཕྲན་མཚོན་ཆ་མཚམས་འཇོག་གི་ལྷོ་བྱང་རྒྱལ་ཁབ་གཉིས་ཀྱི་བློན་ཆེན་རིམ་པའི་གྲོས་མོལ་ཕྱིར་འགྱངས་བྱས་་ཡོད་པ་དང་། དེ་བཞིན་ཟླ་རྗེས་མར་སིང་གྷ་པུར་ནང་འཚོགས་འཆར་ཡོད་པའི་ཨ་བྱང་གི་སྲིད་འཛིན་ཐུག་འཕྲད་དེར་ཡང་འགྱུར་བ་ཐེབས་སྲིད་སྐོར་བསྒྲགས་འདུག

དེ་རིང་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀེམ་ཀའེ་ཝན་(Kim Kye Gwan)གྱིས། གལ་སྲིད་ཨ་རི་གཞུང་ནས་ཨུ་ཚུགས་ཀྱིས་བྱང་ཀོ་རི་ཡ་ཁོ་ནས་རྡུལ་ཕྲན་མཚོན་ཆ་འདོར་དགོས་པར་བསྐུལ་ཚེ། ང་ཚོ་དེར་རྩ་བ་ནས་འདོད་མོས་མེད་པ་མ་ཟད་ཨ་བྱང་གི་གྲོས་མོལ་ལ་ཡང་བསམ་བློ་བསྐྱར་དུ་གཏོང་དགོས་ངེས་རེད། ཀོ་རི་ཡའི་ནང་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་གོ་ལག་མེད་པར་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་ནི། ཨ་རི་ཕྱོགས་ནས་བྱང་ཀོ་རི་ཡར་དྲག་སྤྱོད་ཀྱི་སྲིད་བྱུས་མཚམས་འཇོག་དང་རྡུལ་ཕྲན་མཚོན་ཆའི་འཇིགས་སྐུལ་མཚམས་འཇོག་དགོས་པ་སོགས་སྔོན་མ་ནས་གསལ་པོ་བཟོས་ཡོད། ཅེས་དང་། ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་མཁའ་དམག་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དེ་ནི་འབྲེལ་མོལ་གྱི་ལྡོག་ཟླར་ཕྱིན་ཡོད་ལུགས་བརྗོད་འདུག

ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་མགྲིན་ཚབ་པ་པོན་ཕེ་ལ་ཁ་པར་བརྒྱུད་གནས་ཚུལ་དེའི་སྐོར་ཞུས་སྐབས་པོམ་ཕེ་ཡིས། ཨ་རི་གཞུང་གིས་དེ་སྔོན་གྱི་བྱང་ཀོ་རི་ཡའི་བྱེད་སྟངས་ཡིད་ལ་བཟུང་ནས་མུ་མཐུད་གྲོས་མོལ་ལ་གྲ་སྒྲིག་བྱ་རྒྱུ་ཡིན་པ་བརྗོད་འདུག དེ་བཞིན་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་གྱིས་མཉམ་འབྲེལ་མཁའ་དམག་སྦྱོང་བརྡར་དེ་མུ་མཐུད་རྒྱུ་ཡིན་པ་དང་དེ་ནི་རྒྱལ་ཁབ་གཞན་སུ་ལའང་བཙན་འཛུལ་བྱེད་པར་དམིགས་པ་ཞིག་མིན་ཚུལ་བརྗོད་འདུག

ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་མཁའ་དམག་སྦྱོང་བརྡར་དེ་གནམ་གྲུ་ ༡༠༠ ཡིས་བདུན་གཉིས་རིང་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དང་། གནམ་གྲུ་དེ་དག་ནི་དམག་ཐབས་འདྲ་མིན་ཐོག་བཀོལ་ཆོག་གི་ཡོད་པ་དང་། དེ་བཞིན་མེ་ཤུགས་འཕུར་མདེལ་སོགས་བཀོལ་སྤྱོད་བྱེད་ཆོག་པའི་དྲག་ཆས་གནམ་གྲུ་འགའ་ཡང་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༡༦

Leave a Reply