བརྙན་ལམ་བརྒྱུད་བཀའ་མོལ་གནང་རྒྱུར་ག་དུས་ཡིན་ནའང་གྲ་སྒྲིག་ཡོད།

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐད་གཏོང་བརྙན་ལམ་བརྒྱུད་ཨ་རིའི་ཁ་ལེ་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་མཁས་དབང་པོལ་མེག་མན་ལགས་ཀྱི་དབུས་ཚན་རིག་པ་དང་སེམས་ཁམས་རིག་པ་བ་ཁག་ཅིག་དང་ལྷན་དུ་གོ་ལ་ཧྲིལ་པོ་སྙིང་རྗེའི་ཕྱོགས་སུ་སྐྱོད་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གསུང་བཤད་གནང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཐོག བཞུགས་སྒར་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཨ་རིའི་ཁ་ལེ་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་། སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་པོལ་ཨེག་མན་(Dr Paul Ekman)ལགས་ཀྱི་དབུས་ཚན་རིག་པ་དང་སེམས་ཁམས་རིག་པ་བ་སོགས་ཚོགས་ཞུགས་པ་ཁག་ཅིག་དང་ལྷན་དུ་གོ་ལ་ཧྲིལ་པོ་སྙིང་རྗེའི་ཕྱོགས་སུ་སྐྱོད་པ་ཞེས་པའི་བརྗོད་གཞི་ཐོག་ཐད་གཏོང་བརྙན་ལམ་བརྒྱུད་ཆུ་ཚོད་ ༡།༣༠ ཙམ་རིང་བགྲོ་གླེང་གསུང་བཤད་གནང་སོང་།

སྤྱིར་བཏང་སློབ་དཔོན་པོལ་ཨེག་མན་ལགས་དེ་རིང་གི་ཐད་གཏོང་བགྲོ་གླེང་ནང་དངོས་སུ་ཞུགས་འཆར་ཡོད་ཀྱང་སྐུ་གཟུགས་བདེ་མིན་གྱིས་ཁ་པར་བརྒྱུད་ཆ་ཤས་བླངས་ཏེ། ཁོང་ལ་ཟས་དུག་ཕོག་སྟེ་དངོས་སུ་ཕེབས་ཐུབ་མེད་ཀྱང་། མ་འོངས་པར་༧གོང་ས་མཆོག་མཇལ་བའི་གོ་སྐབས་བྱུང་བར་རེ་བ་ཞུ་ཡི་ཡོད་སྐོར་གསུངས་སོང་བ་དང་། ༧གོང་ས་མཆོག་གིས་གུས་ཤིང་བརྩེ་བའི་ངོས་ཀྱི་གྲོགས་པོ་སློབ་དཔོན་པོལ་ཨེག་མན་ལགས་ལ་ཟས་དུག་ཕོག་ནས་སྙུང་གཞི་བྱུང་བར་ཧ་ཅང་ཐུགས་ཕམ་བྱུང་ཞེས་གསུངས་པ་དང་འབྲེལ། ཁྱེད་རང་རྒྱ་གར་དུ་ཕེབས་རྒྱུར་དཀའ་ཁག་ཡོད་པ་བཞིན་ངོས་རང་ཨ་རིར་ཡོང་ཁག་པོ་འདུག དེར་བརྟེན་ད་ནི་ང་ཚོས་འདི་ལྟ་བུའི་འཕྲུལ་རིག་བེད་སྤྱོད་བྱེད་པའི་དུས་ལ་བསླེབས་ཡོད་པ་དང་། ངོས་ནས་ནམ་ཡང་འཕྲུལ་ཆས་བརྒྱུད་དུས་ནས་དུས་སུ་བཀའ་མོལ་གནང་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་སོང་།

བགྲོ་གླེང་གསུང་བཤད་སྐབས་འགྲོ་བ་མིའི་རིན་ཐང་ཡར་སྐུལ་སྐོར་ལ་༧གོང་ས་མཆོག་གིས། མིའི་རྩ་བའི་རང་བཞིན་ནི་སྙིང་རྗེ་ཅན་ཡིན་པ་དང་མི་ནི་སྤྱི་ཚོགས་ནང་འདུས་སྡོད་བྱས་ཏེ་གནས་མཁན་གྱི་སྲོག་ཆགས་ཤིག་ཡིན་སྟབས། མི་གཅིག་གི་འཚོ་གནས་ནི་འགྲོ་བ་མི་སྤྱི་ལ་བརྟེན་ནས་ཡོད་པ་རེད། ལྷག་པར་དུ་དེང་སང་གི་དུས་སྐབས་སུ་འགྲོ་བ་མིའི་སྤྱི་ཚོགས་ནི་གཅིག་ལྟར་གནས་ཡོད་པར་བརྟེན། ད་ལྟ་ང་ཚོར་འགྲོ་བ་མི་ཡོད་དོ་ཅོག་གཅིག་ཡིན་པའི་འདུ་ཤེས་དགོས་པ་གལ་ཆེན་ཡིན་པའི་ཐོག་ནས་འགྲོ་བ་མི་ཕན་ཚུན་གྱི་འདོད་མོས་ལ་བརྩི་བཀུར་བྱེད་དགོས་པ་རེད། ངོས་རང་འགྲོ་བ་མི་གཅིག་རེད། འདི་ལྟ་བའི་འགྲོ་བ་མིའི་རིན་ཐང་དར་སྤེལ་ཆེད་མི་ཚང་མ་མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པ་རེད། ཅེས་གསུངས་སོང་།

ཆོས་ལུགས་འདྲ་མིན་གྱི་དཀའ་རྙོག་བྱུང་བཞིན་པའི་སྐོར་ལ་ཁོང་གིས། ད་ལྟའི་གནས་སྐབས་འདིར་ང་ཚོ་ཞི་བདེ་ངང་ཡོད་ཀྱང་། གོ་ལ་གཅིག་ཐོག་ཡོད་པའི་གཅིག་མཚུངས་ཀྱིས་མིས་ཡུལ་གཞན་དཔེར་ན་སེ་རི་ཡ་དང་ཨ་ཧྤི་ཧན་སོགས་ནང་ཆོས་ལུགས་དད་མོས་མ་འདྲ་བའི་ཐོག་མི་སྟོང་ཕྲག་མང་པོ་གསོད་རེས་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་གཞན་ཁག་ན་ཡེ་ཤེས་ཆོས་ལུགས་པ་དང་ཁ་ཆེ་པ་བར་དཀའ་རྙོག་ཡོད་རེད། དེ་བཞིན་ད་ལྟ་འབར་མ་ནང་ནང་པ་དང་ཁ་ཆེ་བ་བར་མ་འགྲིག་པ་བྱུང་བཞིན་ཡོད་རེད། ངེད་ཀྱིས་བལྟས་ན་ཆོས་ལུགས་ནི་སྙིང་རྗེ་དང་བརྩེ་བའི་ཡོངས་ཁུངས་གཙོ་བོ་ཞིག་ཡིན་ཡང་། དེ་སྤྱི་ཚོགས་ཁ་བྲལ་དང་མི་ཕན་ཚུན་བར་སྡང་སེམས་བསྐྲུན་ཆེད་དུ་བེད་སྤྱོད་བྱེད་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། དེ་སྨན་དུག་ཏུ་གྱུར་པ་ལྟ་བུ་རེད། ང་ཚོ་འགྲོ་བ་མི་ཚང་མར་གོ་ལ་འདི་སྙིང་རྗེ་ཅན་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པའི་འོས་འགན་ཡོད་པ་རེད། ཅེས་གསུངས་སོང་།

བསྐྱར་བཅོས།: ༢༠༡༨/༠༥/༡༨

Leave a Reply

One thought on “བརྙན་ལམ་བརྒྱུད་བཀའ་མོལ་གནང་རྒྱུར་ག་དུས་ཡིན་ནའང་གྲ་སྒྲིག་ཡོད།