ཁ་ལག་མ་ཟོས་གོང་དུ་ཞི་ཅིན་ཕིན་ལ་བཀའ་དྲིན་ཆེ་ཞུ་དགོས།

རྒྱ་ནག་གཞུང་གིས་ཡུ་གུར་བ་ཁྲི་ ༩ ནས་ས་ཡ་གཅིག་ལྷག་སློབ་གསོ་བཅོས་བསྒྱུར་ཁང་ཞེས་པའི་ནང་བཀག་ཉར་གྱིས་མནར་གཅོད་དང་རྡུང་བརྡེག་གཏོང་གི་ཡོད་སྐོར་བརྗོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་ཤས་སྔོན་རྒྱ་ནག་གཞུང་གིས་བསམ་བློ་བསྒྱུར་བཅོས་སམ་སློབ་གསོ་བསྐྱར་གཏོང་ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ། ཡུ་གུར་བ་ཁྲི་ ༩ ནས་ས་ཡ་གཅིག་ལྷག་བཀག་ཉར་གྱིས་མི་རིགས་དང་ཆོས་ལུགས་ཀྱི་བསམ་བློ་འདོར་དགོས་པའི་བཙན་བཀའ་དང་རྡུང་རྡེག་གནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་ཕྱིར་གྱར་ཡོད་འདུག

དེ་ཡང་ཝ་ཤིང་ཊོན་ཆ་འཕྲིན་ཁང་ལ་བཀག་ཉར་ནང་ཚུད་པའི་ཡུ་གུར་བ་ཨོ་མཱར་བྷེ་ཀཱ་ལེ་(Omir Bekali)དང་ཀཱེ་རཱ་ཊི་སྰ་མཱར་ཁཱན་ཌི་(Kayrat Samarkand)ཞེས་པ་གཉིས་ཀྱིས། རྒྱ་གཞུང་གིས་བསམ་བློར་སྒྱུར་བཅོས་དགོས་པ་དང་གུང་ཁྲན་ཏང་ལ་བློ་སེམས་དཀར་དགོས་པ། རང་སྐྱོན་ངོས་ལེན་གྱིས་དད་མོས་བྱེད་སའི་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་བཅུག་པ་དང་། དེ་དག་ངོས་ལེན་མ་བྱས་ན་ཕག་ཤ་དང་ཆང་སོགས་བཙན་གྱིས་སྤྱོད་དུ་བཅུག་སྟེ། ཁ་ཆེ་བའི་སྡོམ་ཁྲིམས་དང་འགལ་དུ་འཇུག་གི་ཡོད་པ་མ་ཟད། ཁ་ལག་མ་ཟོས་སྔོན་ལ་མི་ཚང་མས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཞི་ཅིན་ཕིན་ལ་བཀའ་དྲིན་ཆེ་ཞུ་རུ་འཇུག་གི་ཡོད་སྐོར་སོགས་བརྗོད་འདུག

བཀག་ཉར་འོག་ཚུད་མྱོང་བའི་་ཨོ་མཱར་བྷེ་ཀ་ལེ་ཡིས། ཁོས་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་གྲུབ་དང་དད་མོས། བསམ་བློའི་འདུ་ཤེས་རྣམས་འདོར་རྒྱུ་ཁས་ལེན་མ་བྱས་སྟབས། ཆུ་ཚོད་༥ ལྷག་ལ་གྱང་རྩར་ལངས་བཅུག་ནས་གཅར་བརྡུང་དང་མནར་གཅོད་བཏང་བ་མ་ཟད། དུས་ཡུན་ཆུ་ཚོད་༢༤ རིང་ལ་བཟའ་བཏུང་བཙན་བཀག་བྱས་ཏེ་རང་སྲོག་གཅོད་པའི་བསམ་བློ་འཁོར་དགོས་བྱུང་བ་དང་། བཀག་ཉར་ཁང་དུ་རང་ཉིད་ཀྱིས་རང་ཉིད་ལ་སྐྱོན་བརྗོད་དང་། མི་རིགས་དང་ཆོས་ལུགས་ཀྱི་འདུ་ཤེས་བསྒྱུར་དགོས་པ་དེ་སེམས་ཁམས་ཀྱི་གནོན་ཤུགས་ཧ་ཅང་བཟོད་དཀའ་བ་ཞིག་ཡིན་ལ། བཙོན་རོགས་མི་༨༠ ལྷག་ཁང་པ་གཅིག་གི་ནང་ཉལ་གྱི་ཡོད་པ་དང་། མཚན་མོ་རྒྱུན་དུ་གོ་བ་ནི་གཞན་གྱི་ངུ་སྐད་དང་སྡུག་དམེ་ཡིན་ལ། ད་ལྟའང་ཁོས་རྒྱུན་དུ་བཀག་ཉར་ཁང་གི་མནར་གཅོད་རྣམས་བརྗེད་ཐབས་མེད་པ་མ་ཟད། མཚན་མོ་ཉལ་སྡོད་སྐབས་ད་དུང་བཀག་ཉར་ཁང་གི་ངུ་སྐད་དེ་རྣ་ལམ་དུ་྄གྲགས་ཡོང་ནས་སྐྱིད་པོ་མེད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ཁ་ཤས་སྔོན་ནས་བཟུང་བོད་དང་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཁག་གིས་གུང་ཁྲན་ཏང་ལ་དགའ་ཞེན་དང་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་དགོས་པའི་སློབ་གསོ་དང་ཚོགས་འདུ་སོགས་རིམ་པར་ཚོགས་ཀྱི་ཡོད་པ་དང་། ད་ལོ་ནས་ཡུ་གུར་མི་རིགས་ཁྲོད་འཇིགས་སྐུལ་དང་ཐལ་མཐའ་བ་ཚོར་འཐབ་རྩོད་དང་བསམ་བློ་བཅོས་སྒྱུར་གཏོང་དགོས་ཞེས་བརྗོད་དེ། བསམ་བློའི་སློབ་གསོ་ཞེས་པ་གཏོང་ཤུགས་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་གཞུང་གི་མགོ་འཁྲིད་ཀྲང་ཅུན་(Zhang Jun)ཟེར་བ་ཞིག་གིས། ཡུ་གུར་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོར་ཐལ་མཐའ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པར་འཐབ་རྒོལ་བྱ་རྒྱུ་རྒྱ་སྐྱེད་གཏོང་དགོས་པ་དང་། སྲིད་གཞུང་གི་ལངས་ཕྱོགས་དང་དམིགས་ཚད་ལྟར་སློབ་གསོ་གཏོང་དགོས་པ་དང་། མཐའ་གཅིག་ཏུ་འཇིགས་སྐུལ་བ་དང་ཁ་བྲལ་རིང་ལུགས་པ་ཚོར་འཐབ་རྩོད་བྱེད་དགོས་སྐོར་ནན་བརྗོད་བྱས་འདུག

བཙན་བྱོལ་དུ་ཡོད་པའི་ཡུ་གུར་བརྙན་འཕྲིན་ཁང་ཞིག་དང་རྒྱལ་སྤྱིའི་ཡུ་གུར་གནད་དོན་ཐོག་ཞིབ་འཇུག་པ་ཚོས། རྒྱ་ནག་གཞུང་གིས་བཙུགས་པའི་་ཡུ་གུར་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་དེའི་ནང་དུ་མ་མཐའ་ཡང་མི་གྲངས་ཁྲི་༩ ནས་ས་ཡ་ ༡ ལྷག་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཡུ་གུར་ནང་དུ་དེ་ལྟ་བུའི་བཀག་ཉར་ཁང་ཞིག་ཡོད་པ་ཁོས་གཏན་ནས་གོ་ཐོས་བྱུང་མེད་སྐོར་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་(Mail Online)ཞེས་པའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཡུ་གུར་བཀག་ཉར་ཁང་གི་གནད་དོན་དེ་དག་རྒྱལ་སྤྱིའི་ཐོག་ཧ་ཅང་གསང་རྒྱ་བྱེད་ཀྱི་ཡོད་འདུག ད་ལྟའི་བར་དུ་གཞུང་འབྲེལ་མིན་པའི་གསར་ཁང་རེ་གཉིས་ཀྱིས་མཚམས་རེར་ཐལ་མཐའ་བ་དང་ཁ་བྲལ་བ་ཚོ་རྩ་མེད་གཏོང་བར་བསམ་བློའི་སློབ་གསོ་གཏོང་གི་ཡོད་སྐོར་ཙམ་བཤད་ཡོད་པ་ལས།  རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་ནས་གནད་དོན་དེའི་ཐད་གནས་ཚུལ་གང་ཡང་སྤེལ་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༨

Leave a Reply