སློབ་ཕྲུག་ཅིག་གིས་དམར་གསོད་དོན་རྐྱེན་བསླངས།

རང་ལོ་ ༡༧ ཡིན་པའི་ཨ་རིའི་འབྲིང་རིམ་སློབ་ཕྲུག་ཅིག་གིས་སློབ་གྲྭའི་ནང་གང་བྱུང་མེ་མདས་བརྒྱབས་ཏེ་སློབ་ཕྲུག་སོགས་མི་གྲངས་ ༢༠ ལ་ཤི་རྨས་བཟོས་འདུགདེ་རིང་ཨ་རིའི་ས་གནས་ཀྱི་ཆུ་ཚོད་༨ སྟེང་ཊེག་ས་སི་(Texas)མངའ་སྡེའི་སན་ཊཱ་ཧྥེ(Santa Fe)ཞེས་པའི་འབྲིང་རིམ་སློབ་གྲྭ་ཞིག་གི་ནང་ལོ་ན་༡༧ ཡིན་པའི་ཌི་མི་ཊིར་ཨོ་སི་པཱ་གྷོར་ཊི་ཛི་སི་(Dimitrios Pagourtzis)ཞེས་པའི་སློབ་མ་ཞིག་གིས་གང་བྱུང་མེ་མདས་བརྒྱབས་ཏེ་སློབ་ཕྲུག་སོགས་མི་ ༡༠ བསད་པ་དང་མི་༡༠ ལ་རྨས་སྐྱོན་ཕོག་ཡོད་འདུག

མངའ་སྡེའི་འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན། མེ་མདས་རྒྱག་མཁན་ངོ་རྟགས་ཆོད་པ་མ་ཟད། ཁོས་རང་གི་ཨ་ཕའི་མེ་མདའ་འཁུར་ཡོང་ནས་དམར་གསོད་བྱས་ཡོད་པ་དང་། ཁོ་ནི་དེ་སྔོན་སློབ་སྦྱོང་སོགས་ཡག་པོ་ཡོད་པ་མ་ཟད། སློབ་སྦྱོང་གི་གནས་ཚད་ཐད་ནས་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་སློབ་གྲྭ་མཐར་ཕྱིན་གྱི་ཡོད་འདུག

ས་གནས་ཉེན་རྟོག་པས་ཉེས་ཅན་སློབ་ཕྲུག་དེའི་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་བཅུག་པའི་ཉིན་ཐོ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཁོས་སྔོན་ལ་དྲག་སྤྱོད་སྤེལ་རྗེས་རང་ཤི་རྒྱག་འདོད་ཡོད་པ་དང་། སྔོན་ནས་སེམས་ཤུགས་ཆགས་ཏེ་རང་ཤི་རྒྱག་འདོད་ན་ཡང་རང་ཤི་རྒྱག་ཐུབ་པའི་སྤོབས་པ་མ་ཡོད་པས་དམར་གསོད་དོན་རྐྱེན་དེ་བསླངས་ཡོད་སྐོར་དང་། ཁོའི་ངོ་དེབ་སོགས་ཀྱི་སྟེང་སྐྱེས་པ་དང་གསོད་པ་སོགས་ཀྱི་ཡི་གེ་བྲིས་པ་དང་ང་ཆབ་སྲིད་པ་ལ་སྡང་སེམས་སྐྱེས་ཀྱི་འདུག་སོགས་ཀྱི་ཡི་གེ་བྲིས་ཡོད་འདུག

མེ་མདའི་དོན་རྐྱེན་བྱུང་སྐབས་སློབ་གྲྭའི་ར་སྐོར་ནང་སློབ་མ་༡༤༠༠ ལྷག་ཡོད་པ་དང་། ཤི་རྨས་ཐེབས་པ་མང་ཆེ་ཤོས་སློབ་མ་ཡིན་འདུག ཐེངས་འདིའི་དོན་རྐྱེན་དེ་ནི་འདི་ལོ་གཅིག་པུར་བྱུང་བའི་སློབ་གྲྭའི་ནང་གི་མེ་མདའི་དོན་རྐྱེན་ཐེངས་ ༢༢ པ་དེ་ཡིན་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུས་དམར་གསོད་དོན་རྐྱེན་དེ་ནི་ཧ་ཅང་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་དང་། ང་དང་ངའི་སྲིད་གཞུང་ངོས་ནས་སློབ་ཕྲུག་ཚོར་སྲུང་སྐྱོབ་དང་ལག་ཏུ་མེ་མདའ་ཁུར་ནས་འཇིགས་སྐུལ་བྱེད་མཁན་ཚོའི་ཐད་དམ་དྲག་ནན་མོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་མ་ཟད། ཕོ་བྲང་དཀར་པོའི་རྒྱལ་དར་ཕྱེད་ཀ་ཕབ་ནས་འདས་གྲོངས་སུ་ཕྱིན་པ་ཚོར་མྱ་ངན་ཞུས་ཡོད་འདུག

ཨ་རིའི་ཝ་ཤིན་ཏོན་ཆ་འཕྲིན་གྱིས་ལོ་རེའི་ཨ་རིའི་སློབ་གྲྭ་ཁག་གི་མེ་མདའི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་བའི་ཐད་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ཕྱི་ལོ་༢༠༠༠ ལོ་ནས་མེ་མདའི་དོན་རྐྱེན་གྱི་གྲངས་རིམ་གྱིས་འཕར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ དང་༢༠༡༨ ལོའི་བར་ལ་འཕར་ཚད་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཕྱི་ལོ་༢༠༡༧ ལོའི་ཨ་རིའི་སློབ་གྲྭ་ཁག་སྤྱིའི་མེ་མདའི་དོན་རྐྱེན་གྲངས་འབོར་དང་། ད་ལོའི་སློབ་གྲྭ་གཅིག་གི་གྲངས་འབོར་གཅིག་པ་ཆགས་ཡོད་སྐོར་འཁོད་ཡོད་པ་དང་། ཕྱི་ལོ ༢༠༡༣ ལོ་ནས་ད་ལྟའི་བར་དུ་ཨ་རིིའི་སློབ་གྲྭ་ཁག་གི་ནང་མེ་མདའི་དོན་རྐྱེན་ ༣༠༠ བྱུང་འདུག་ལ། ཆ་སྙོམ་བྱས་ན་ཨ་རིར་བདུན་ཕྲག་གཅིག་གི་ནང་ལ་མེ་མདའི་དོན་རྐྱེན་གཅིག་རེ་བྱུང་ཡོད་པ་རེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༩

Leave a Reply

2 thoughts on “སློབ་ཕྲུག་ཅིག་གིས་དམར་གསོད་དོན་རྐྱེན་བསླངས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    མང་གཙོ་དང་རང་དབང་གི་དུས་རབས་ནང་དཔལ་འབྱོར་གྱིས་བསླུས་པའི་མི་རྣམས་རང་མེད་རོགས་མེད་བཟོས་ནས་རང་མིང་གྲགས་པའི་སྤྱོད་ངན་སྤེལ་མཁན་དེ་དག་ལ་སྙིང་རྗེ་སྐྱེད་པའི་ཡུལ་ལས་མ་འདས་སསོ་།
    མི་ལུས་རིན་ཆེན་གསེར་ལས་དཀོན་།
    གསེར་གྱི་རིན་ཐང་མ་ཤེས་ན་།
    རག་གན་གསེར་ལ་ནོར་ཉེན་ཆེ་།
    ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་་་་་་་་་་་་་་་་་་་་་་ཧྲི་།

  2. བཟང་སྤྱོད་ཀྱིས་ཕོངས་ན་ཡུལ་ལུང་སྟོབས་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་དོན་རྐྱེན་ཚབ་ཆེ་འདི་འདྲ་བའི་གཞན་་དབང་གིས་དུས་མིན་གྱི་འཆི་བ་གློ་བུར་ཐོག་ཏུ་འབབ་སྟེ་འ་ཆད་འུ་ཐུག་གི་གནས་སུ་ལྷུང་བ་ནི་ཆོས་ཉིད་ཀྱི་རང་བཞིན་མ་འདས་སོ།།