དེ་རིང་གི་སྐད་གྲགས་ཅན་གྱི་མག་གསར་བག་གསར་གཉིས།

དབྱིན་ཡུལ་རྒྱལ་སྲས་ཧེན་རི་ཡིས་ཨ་ཧྥེ་རི་ཁའི་ཨ་རི་བ་མེ་གྷན་མར་ཁུལ་དང་གཉེན་སྟོན་བྱས་ཏེ་དབྱིན་ཡུལ་རྒྱལ་པོའི་ཕོ་བྲང་གི་ལམ་སྲོལ་རྙིང་པ་མང་པོར་གཏོར་བཤིག་ཐེབས་ཡོད་པར་བཤད།དེ་རིང་དབྱིན་ཡུལ་གྱི་རྒྱལ་སྲས་གཞོན་པ་ཧེན་རི་(Henry)དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་མ་མེ་གྷན་མར་ཁུལ་(Meghan Markle)་གཉིས་ཀྱི་གཉེན་སྟོན་ཆེན་མོ་དབྱིན་ཡུལ་གྱི་ཝིན་སོར་མཁར་རྫོང་(Windsor Castle)གི་སིཊེ་ཝི་ཇོར་ཇི་ཡེ་ཤུའི་མཆོད་ཁང་(St George’s Chapel)དུ་ཟབ་རྒྱས་ངང་བསྡུས་ཡོད་པ་དང་། གཉེན་སྟོན་མཛད་སྒོའི་ཐོག་འཛམ་གླིང་གི་ཡུལ་ལུང་འདྲ་མིན་ནས་གློག་བརྙན་འཁྲབ་སྟོན་པ་དང་སྒྱུ་རྩལ་བ། རྩེད་མོ་བ། ཚོང་པ་སོགས་གྲགས་ཅན་གནད་ཡོད་མི་སྣ་ ༦༠༠ ཙམ་སྐུ་མགྲོན་གཙོ་བོར་གདན་འདྲེན་གནང་ཡོད་པ་དང་། དེ་ལས་ ༢༠༠ ཙམ་དབྱིན་ཡུལ་ཕོ་བྲང་དང་གཉེན་ཚང་མེ་གྷན་མར་ཁུལ་ཕྱོགས་ཀྱི་གཉེན་ཉེ་དང་གྲོགས་པོ་སོགས་ཡིན་འདུག ཐེངས་འདིའི་གཉེན་སྟོན་ཐོག་རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་གནད་ཡོད་མི་སྣར་མགྲོན་འབོད་གནང་མེད་པ་རེད། ཚོད་རྩིས་ལྟར་ན་རྒྱལ་སྲས་ཀྱི་གཉེན་སྟོན་ཆེན་མོར་དབྱིན་ཡུལ་ཕོ་བྲང་ནས་ཁྱོན་ཡུ་སྒོར་ས་ཡ་ ༣༢ ཙམ་གྱི་འགྲོ་སོང་གཏོང་གི་ཡོད་པ་དང་། བག་ལྭའི་འགྲོ་སོང་ཆ་ཚ་མེ་གྷན་མར་ཁུལ་རང་གིས་གཏོང་གི་ཡོད་འདུག གཞན་ཡང་། དབྱིན་ཡུལ་བདེ་དོན་ལྷན་ཁང་གིས་ཁོར་ཡུག་གཙང་སྦྲ་དང་ལམ་ཁ་བསྐྱར་གསོའི་ཆེད་ཡུ་སྒོར་ས་ཡ་ ༢།༦ གཏོང་གི་ཡོད་འདུག་ལ། དེ་བཞིན་འཛམ་གླིང་གི་ཡུལ་ལུང་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་གཙོ་བོར་གྱུར་བའི་རྒྱལ་ཕྱི་ནང་ནས་གཉེན་སྟོན་ལག་རྟགས་སོགས་ཁྱོན་ཡུ་སྒོར་ས་ཡ་ ༥༠༠ ཡོང་བའི་ཚོད་དཔག་གནང་གི་ཡོད་འདུག

དབྱིན་ཇིའི་རྒྱལ་སྲས་ཆུང་བ་ཧེ་རི་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་མར་ཁུལ་གཉིས་ངོ་ཤེས་ཤིག་གིས་དང་ཐོག་ངོ་སྤྲོད་བྱས་ཏེ། ཕྱི་ལོ་ ༢༠༡༦ཟླ་ ༧ ནང་མཛའ་བརྩེའི་དུས་བཅད་བརྒྱུད་དངོས་སུ་མཇལ་ཞིང་། རྩེ་དགོད་དང་འཛུམ་མདངས་ཁྲོད་ནས་བརྩེ་བའི་དུང་བ་ཟབ་མོ་རིམ་གྱིས་ཆགས། སྐབས་དེར་མར་ཁུལ་གྱིས་ང་ཨ་རིར་འཚར་ལོངས་བྱུང་བས་སྐབས་དེར་ཧེ་རི་ནི་མི་དཀྱུས་མ་ཞིག་ཡིན་པའི་ཚོར་བ་ལས་རྒྱལ་སྲས་ཤིག་ཡིན་པའི་་ཚོར་པ་དེ་འདྲ་གང་ཡང་བྱུང་མ་སོང་། ང་ཁོང་ལ་ཆ་རྒྱུས་མེད་པས་ངོ་སྤྲོད་བྱེད་མཁན་གྲོགས་མོ་དེར་ཁོང་མི་སེམས་བཟང་ཞིག་ཡིན་མིན་ཁོ་ན་དྲིས་པ་ཡིན། རྒྱུ་མཚན་ནི་གལ་སྲིད་ཁོང་སེམས་བཟང་ཞིག་མིན་ཚེ་རེ་བ་མི་འདུག་བསམ་སོང་། ཞེས་དང་།  ངེད་གཉིས་ཀྱི་ཐེངས་དང་པོའི་མཛའ་བརྩེའི་དུས་བཅད་དེ་ཆང་ཁང་ཞིག་གི་ནང་བྱས་པ་དང་སྐབས་དེར་ངེད་གཉིས་ཐུག་མ་ཐག་ཕྱི་ཉིན་ག་རེ་བྱེད་མིན་དང་། ཡང་བསྐྱར་ཐུག་མིན་སྐོར་བཤད་པ་ཡིན། དེ་ནས་དུས་བཅད་རིམ་པ་བྱས་ཏེ་བདུན་ཕྲག་གསུམ་བཞི་ཞིག་གི་རྗེས་སུ་རྒྱས་སྲས་ཀྱིས་ང་མགྲོན་འབོད་གནང་སྟེ་ངེད་གཉིས་ཨ་ཧྥི་རི་ཀར་སྐོར་བསྐྱོད་དུ་ཕྱིན་པ་ཡིན། ཞེས་བརྗོད་འདུགཁོང་གཉིས་ཀྱིས་ཟླ་བཞི་ཙམ་གྱི་རིང་མཛའ་བརྩེའི་དུས་བཅད་བསྟུད་མར་བྱས་མཐར། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༡ ཉིན་གཟའ་ཉི་མའི་བང་ཆེན་གསར་ཁང་(Sunday Express)ལ་རྒྱལ་སྲས་ཧེ་རི་ལགས་ཀྱིས། ཁོང་སྔོན་ཆད་ཀྱི་ལོ་ཟླ་དག་དང་བསྡུར་ན་ཧ་ཅང་སྐྱིད་པོ་ཡོད་པ་དང་། སྙིང་སྡུག་མཛའ་མོ་ཞིག་ཀྱང་ཡོད་ལུགས་ཐེངས་དང་པོར་ཡོངས་ཁྱབ་ཏུ་བསྒྲགས་ཡོད་པ་དང་། ཉིན་དེར་མར་ཁུལ་གྱིས་ཀྱང་མོ་རང་གི་པར་མཛོད་(Instagram)ནང་ངང་ལག་གཉིས་མཉམ་གཅིག་ཏུ་ཡོད་པའི་འདྲ་པར་ཞིག་བཞག་སྟེ། ཁོ་མོར་བརྩེ་དུང་གི་མདུད་པ་ཐེབས་པའི་མཛའ་བོ་ཞིག་ཡོད་པ་མཚོན་ཐབས་བྱས་ཡོད་པར་བརྗོད།

མཐར་ན་གཞོན་ཕོ་མོ་དེ་གཉིས་ཀྱིས་ཕན་ཚུན་ལ་ཚེ་གང་གི་འདུན་མ་བཅོལ་ཏེ། རིམ་གྱིས་མར་ཁུལ་གྱིས་དབྱིན་ཡུལ་ཕོ་བྲང་གི་རྒྱལ་སྤུན་མ་ཚོར་ཐུག་འཕྲད་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༩ པའི་ནང་དབྱིན་ཡུལ་རྒྱལ་མོ་ཨེ་ལི་ཛ་བྷི་ཊི་(Elizabeth II)མཆོག་ནས་དངོས་སུ་མཇལ་ཁ་གནང་སྟེ།  ཁོ་མོ་ལོ་རྒྱུས་རིང་ཞིང་རླབས་ཆེ་བའི་ཕོ་བྲང་དེའི་བདག་མོ་ཞིག་ཏུ་དགའ་མོས་ཀྱིས་ངོས་བཞེས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནང་གཞུང་འབྲེལ་གྱི་ཐོག་ནས་མར་ཁུལ་རྒྱལ་སྲས་དང་ལྷན་དུ་དབང་བོ་སྐྱོན་ཅན་རྩེད་ཚོགས་(Invictus Games)མཇུག་བསྡོམས་མཛད་སྒོའི་ཐོག་ཐེངས་དང་པོར་མཉམ་ཞུགས་བྱས། དེ་ནས་ཟླ་གཅིག་གི་རྗེས་ཁོང་གཉིས་གཉེན་རྟགས་བརྒྱབ་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།

རྒྱལ་སྲས་ཧེན་རི་ལགས་ནི་དབྱིན་ཡུལ་རྒྱལ་མོ་ཨེ་ལི་ཛཱ་བྷེ་ཊི་(Elizabeth II)མཆོག་གི་སྲས་ཆེ་བ་ཆར་ལི་སི་(Charles)ལགས་དང་། བཙུན་མོ་ཌེ་ཡ་ནཱ་(Diana)ལགས་གཉིས་ཀྱི་སྲས་ཆུང་བ་དེ་ཡིན་པ་དང་། ཆུང་དུས་ནས་དབྱིན་ཡུལ་རང་གི་ནང་སློབ་སྦྱོང་གནང་ཡོད་པ་དང་། ཕྱིས་སུ་དབྱིན་ཡུལ་རྒྱལ་གཞུང་གི་དམག་སྦྱོང་སློབ་གྲྭར་ལས་བྱེད་སྦྱོང་བརྡར་དང་དམག་ཞུགས་བྱས་ཏེ། ཁོང་དང་རྒྱལ་སྲས་ཝེ་ལིམ་གཉིས་གནས་སྐབས་ཀྱིས་དམག་སྲིད་དོན་གཅོད་པ་རིམ་པ་གསུམ་པར་བསྐོ་བཞག་བྱས་ཏེ་དམག་དཔུང་སྣེ་འཁྲིད་ཀྱི་སྦྱོང་བརྡར་ཐོབ་ཡོད་པ་དང་། ཁོང་ནི་རྒྱལ་རྒྱུད་ཁྲི་འཛིན་པའི་སྒུག་ཐོའི་ནང་གི་དྲུག་པ་དེ་ཡིན་འདུག ཁོང་གི་དགེ་རྒན་ཚོས་གསུངས་ན། རྒྱལ་སྲས་ཁོང་སློབ་གྲྭར་ཡོད་སྐབས་ནས་རྩེད་མོའི་རིགས་ལ་སྤྲོ་སྣང་དམིགས་བསལ་ཡོད་པ་དང་། ད་ལྟ་ཁོང་གིས་དབང་བོ་སྐྱོན་ཅན་ཚོར་ལུས་རྩལ་ཚོགས་པ་ཞིག་བཙུགས་ཏེ། དབང་པོ་སྐྱོན་ཅན་ཚོར་རྩེད་རིགས་སྣ་ཚོགས་རྩེ་རྒྱུ་ཡོད་འདུག་ལ། ཁོང་རང་ཡང་རྩེད་རིགས་སྣ་ཚོགས་ནང་མཉམ་ཞུགས་བྱེད་ཀྱི་ཡོད་འདུག

གློག་བརྙན་འཁྲབ་སྟོན་མ་མེ་གྷན་མར་ཁུལ་ལགས་ཕྱི་ལོ་ ༡༩༨༡ ལོར་ཨ་རིའི་མི་རིགས་དཀར་པོ་ཐོ་མཱ་སི་མར་ཁུལ་(Thomas Markle)ལགས་དང་། ཨ་ཧྥེ་རི་ཁ་ནས་ཨ་རིར་གནས་སྤོར་བྱས་པའི་མི་རིགས་ནག་པོའི་བུད་མེད་ཌོ་རི་ཡ་རག་ལན་ཌི་(Doria Ragland)ལགས་གཉིས་སུ་ཁ་ལེ་ཧྥོ་ནི་ཡའི་གྲོང་ཁྱེར་ལོ་སི་ཨན་ཇི་ལི་སི་རུ་སྐྱེས་ཡོད་པ་དང་། ཁོང་མོ་ལོ་ན་ ༦ ལ་སོན་སྐབས་ཕ་མ་གཉིས་ཁ་ཁ་ཆགས་ཡོད་འདུག ཕྱི་ལོ་ ༢༠༠༣ ལོར་མར་ཁུལ་ནུབ་བྱང་གཙུག་ལག་སློབ་ཆེན་ནས་སྒྱུ་རྩལ་ཆེད་ལས་ཐོན་ཏེ།  ཨ་རིའི་མུ་འབྲེལ་བརྙན་འཕྲིན་སོ་ཊི་(Suits)ཟེར་བའི་ནང་རེ་ཆིལ་ཛིན་(Rachel Zane)ཞེས་པ་དང་། ང་དྲན་པར་གྱིས་(Remember Me)། མགོ་འཁྲིད་སྡུག་ཤོས་ཚོ་(Horrible Bosses)ཞེས་པ་སོགས་ཀྱི་ནང་འཁྲབ་སྟོན་བྱས་ཡོད་འདུག

གློག་བརྙན་འཁྲབ་སྟོན་གྱི་ལས་རིགས་ཁྲོད་ནས་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་གཞུང་རྩོམ་པ་པོ་ཊིར་ཝོར་ཨིན་གྷལ་སན(Trevor Engelson) ཞེས་པ་དང་དགའ་རོགས་སུ་གྱུར་ནས་ལོ་ ༦ ཕྱིན་རྗེས་ཕྱི་ལོ་ ༢༠༡༤ ལོར་གཉེན་སྒྲིག་བྱས། ཡིན་ནའང་ལོ་ ༣ འགོར་བའི་རྗེས་སུ་གཉེན་འཐོར་བྱས་ཡོད་འདུག མེ་གྷན་མར་ཁུལ་ནི་རྩོམ་པ་པོ་དང་གློག་བརྙན་འཁྲབ་སྟོན་པ། དེ་བཞིན་ཡིག་གཟུགས་ཆེད་མཁས་པ་དང་། རྒྱན་གོས་འགྲེམས་སྟོན་མ་ཞིག་ཀྱང་ཡིན་འདུག ཁོང་མོས་ཊིག་(Tig)ཟེར་བའི་འཚོ་བ་དང་འབྲེལ་བའི་དྲ་ཚིགས་ཤིག་གཉེར་གྱི་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་ཁོང་མོ་རྒྱལ་སྲས་དང་འབྲེལ་བ་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་བྱས་རྗེས། རྒྱན་གོས་འཁྲབ་སྟོན་དང་ཊེ་གུ་དྲ་ཚིགས་གཉེར་མཚམས་བཞག་སྟེ་ཉམ་ཆུང་དྭ་ཕྲུག་སོགས་ལ་རོགས་རམ་དང་། བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་ཆེད་ཨ་ཧྥེ་རི་ཁ་སོགས་ཀྱི་ནང་ཕྱིན་ཏེ་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་ཁོང་གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། གཉེན་སྟོན་སྐབས་ལག་རྟགས་འཁྱེར་ནས་ཡོང་བ་ལས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བདུན་ལ་ལག་རྟགས་ཀྱི་ཚབ་ཏུ་ཞལ་འདེབས་གནང་ཐུབ་ན་ཡག་པོ་ཡོད་ལུགས་འབོད་སྐུལ་བྱས་ཡོད་པ་དང་། སྤྱི་ཚོགས་ཞབས་ཞུ་ཚོགས་པ་དེ་དག་ནི་བྱིས་པ་ཨེ་ཙི་ནད་པར་རོགས་སྐྱོར་དང་དྭ་ཕྲུག་ལ་རོགས་སྐྱོར། བུད་མེད་ཀྱི་སྐྱེས་གནས་འཕྲོད་བསྟེན་ལ་རོགས་སྐྱོར་དང་དམག་འཁྲུག་ནང་ཕ་མ་བསད་པའི་ཤུལ་ལུས་བྱིས་པར་རོགས་སྐྱོར། དེ་བཞིན་འཁོར་ཡུག་སྲུང་སྐྱོབ་རོགས་སྐྱོར་བྱེད་མཁན་གྱི་ཚོགས་པ་རེ་ཡིན་འདུག

མེ་གྷན་མར་ཁུལ་ནི་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པ་ཞིག་ཀྱང་ཡིན་འདུག  མོ་རང་ལོ་ན་ ༡༡ ཙམ་ལ་སོན་སྐབས་ཤིག་ཏུ། བརྙན་འཕྲིན་ནང་གི་ཐབ་དང་སླ་ང་སོགས་འཁྲུད་རྫས་ཁྱབ་བསྒྲགས་ཤིག་ཏུ་ཨ་རིའི་བུད་མེད་རྣམས་ཀྱིས་སླ་ངའི་དྲི་མག་འདག་པར་འཐབ་རྩོད་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་ཡོད་པ་དང་། མོ་རང་གི་འཛིན་གྲོགས་སློབ་བུ་འགས་སྐད་ཆ་དེ་ནི་བདེན་པ་ཡིན་ལ། བུད་མེད་ནི་ཐབ་ཚང་ཁོ་ནར་དབང་བ་ཡིན་ལུགས་བཤད་དེ་མར་ཁུལ་གྱི་སེམས་ལ་ཕོག་ཐུག་ཆེན་པོ་ཤོར་བར་བརྟེན། ཕྱིར་ཁྱིམ་དུ་བསླེབས་རྗེས་ཕ་རྒན་ལ་དེའི་སྐོར་བཤད་སྐབས། ཕ་རྒན་གྱིས་གཏོང་ཡིག་འབྲི་དགོས་པའི་བློ་སྤོབས་སྤྲད་པ་ལྟར། མོས་ཨ་རིའི་སྐུ་ལྕམ་དང་པོ་ཁི་ལིན་ཊོན་(Hillary Clinton)ལགས་དང་། བརྙན་འཕྲིན་གསར་འགོད་པ་ལྕམ་ལིན་ཊ་ཨེ་ལར་བྷེ།(Linda Ellerbee)། དེ་བཞིན་ཁྲིམས་རྩོད་པ་ལྕམ་གྷི་ལོ་རེ་ཡ་ཨེད་རེ་ཊི་(Gloria Allred)བཅས་ལ་འདག་རྫས་དེའི་ཁྱབ་བསྒྲགས་དང་འབྲེལ་བའི་གནས་ཚུལ་ཡིག་ཐོག་ཏུ་བཀོད་ནས་བསྐུར་ཡོད་འདུག ཁོ་མོ་ཧང་སང་དགོས་པ་ཞིག་ལ་བུད་མེད་གསུམ་པོས་འཕྲིན་ལན་འབྱོར་བ་མ་ཟད། གནས་ཚུལ་རྒྱུས་ལོན་བྱེད་མཁན་འགའ་ཡང་ཆེད་དུ་མངགས་ཏེ།  ཕྱིས་སུ་འདག་རྫས་དེའི་ཁྱབ་བསྒྲགས་ནང་གི་བུད་མེད་ཚང་མ་ཟེར་བ་དེ་མི་ཚང་མ་ཞེས་པར་བསྒྱུར་དགོས་བྱུང་ཡོད་འདུག

 དེ་རིང་གི་སྐད་གྲགས་ཅན་གྱི་མག་གསར་བག་གསར་གཉིས་ཏེ་རྒྱལ་སྲས་ཧེན་རི་དང་མེ་གྷན་མར་ཁུལ་གཉིས་ནི་སྤྱི་ཚོགས་ཀྱི་གནས་རིམ་ཁྱད་ཆེ་བའི་ཁྱོ་ཤུག་གཉིས་ཡིན་ཞིང་།  ལྷག་པར་དུ་མེ་གྷན་མར་ཁུལ་ཀྱི་འདས་པའི་ལོ་རྒྱུས་དང་མོའི་ཕ་མ་གཉིས་ཀྱི་རྒྱབ་ལྗོངས་སོགས་ནི་སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་སོགས་ནས་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག དང་ཐོག་མེ་གྷན་མར་ཁུལ་ནི་གཉེན་འཐོར་ཐེངས་གཅིག་བྱས་ཟིན་པའི་བུད་མེད་ཅིག་དང་། སྐྱེས་གཟུགས་དམར་པོ་ཕྱི་ལ་སྟོན་མཁན་གྱི་རྒྱན་གོས་འགྲེམས་སྟོན་མ་ཞིག བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་བྱེད་མཁན་མི་རིགས་ནག་པོ་ཞིག་ཡིན་སྟབས། དབྱིན་ཡུལ་རྒྱལ་མོ་མཆོག་ནས་ངོས་བཞེས་གནང་མི་སྲིད་པའི་གླེང་རྙོག་མང་པོ་བྱུང་ཡོད་ཀྱང་། རྒྱལ་མོ་མཆོག་དང་དངོས་སུ་མཇལ་སྐབས་མེ་གྷན་མར་ཁུལ་ལ་དགའ་མོས་གནང་བ་མ་ཟད། མོའི་ཁྱི་ལའང་དགའ་མོས་ཆེན་པོ་གནང་བར་བརྗོད།མེ་གྷན་མར་ཁུལ་དབྱིན་ཡུལ་རྒྱལ་རྒྱུད་ཀྱི་ཕོ་བྲང་ནང་གི་མི་རིགས་ནག་པོ་དང་པོ་དེ་ཡིན་མིན་གང་ལྟར་ཀྱང་རྒྱལ་སྲས་ཧེན་རི་ཁོང་གཉིས་གཉེན་སྟོན་གྱིས་སྤྱི་ཚོགས་ལ་བརྡ་ལན་ཁག་ཅིག་བཏང་ཡོད་པར་བཤད། དེ་ནི་དུས་རབས་ཉེར་གཅིག་པའི་ནང་རིགས་རྒྱུད་མཐོ་དམན་དང་ཤ་མདོག་དཀར་ནག་གི་དབྱེ་འབྱེད། འདས་པའི་ལོ་རྒྱུས་ག་འདྲ་ཡིན་མིན་དང་། ཁྱོ་ཆེ་ཤུག་ཆུང་གི་སྲོལ་རྒྱུན་ལྟ་བའམ་ལམ་སྲོལ་ངན་པ་རྣམས་མཐོ་རིམ་སྤྱི་ཚོགས་ཁྲོད་ནས་ཀྱང་རིམ་གྱིས་འདོར་ཐུབ་ཀྱི་ཡོད་པ་མཚོན་ཡོད་པ་མ་ཟད། མེ་གྷན་མར་ཁུལ་ནི་མི་རིགས་ནག་པོའི་བུད་མེད་ཚོར་མཚོན་ན་མིག་དཔེ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཡོད་ལ། མོས་དབྱིན་ཡུལ་ཕོ་བྲང་ནང་དུའང་འདྲ་མཉམ་གྱི་ལྟ་བ་དང་བརྩེ་བའི་གཟིགས་སྐྱོང་སོགས་ཀྱི་འོད་མདངས་གསར་པ་ཞིག་བསྐྲུན་ཐུབ་སྐོར་བརྗོད་ཀྱི་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༥/༡༩

Leave a Reply

4 thoughts on “དེ་རིང་གི་སྐད་གྲགས་ཅན་གྱི་མག་གསར་བག་གསར་གཉིས།

  1. རྒྱལ་རྒྱུད་རིང་ལུགས་ལ་དགའ་མོས་མེད། ཉམ་ཐག་་སྟོང་ཕྲག་མང་པོའི་རྒྱུ་ནོར་རྣམས་བདག་ཏུ་བཟུང་ནས་
    འགྲོ་གྲོན་ཆེན་པོ་བཏང་སྟེ་ཆང་ས་བརྒྱབ་པར་ཧང་སངས་རྒྱུ་ཅི་ཡོད།
    དེ་ལས་ཉམ་ཆུང་ཉམ་ཐག་ཚོར་རོགས་སྐྱོར་བྱེད་ན་རྒྱལ་སྲས་ཀྱི་མིང་དེ་འཛམ་གླིང་ནང་སྙན་གྲགས་ཆེན་པོ་ཡོང་གི་རེད།
    དེ་མིན་ཤེས་ལྡན་པ་སུ་གཅིག་གི་ཧང་སངས་ཀྱི་མ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་།

    སྔོན་བསགས་ལས་ཀྱིས་མདུད་པས་དཀར་ནག་ཐུག་།
    སྔོན་བསགས་ལས་ཀྱིས་མདུད་པས་དབུལ་ཕྱུག་ཐུག་།
    སྔོན་བསགས་ལས་ཀྱིས་མདུད་པས་མི་རིགས་ཐུག་།
    སྔོན་བསགས་ལས་ལ་གང་བསྐོས་འཇིག་རྟེན་འཚོ་།