བོད་མི་ཞིག་ལ་པར་ལེན་སྒྱུ་རྩལ་གྱི་དངུལ་གྱི་རྟགས་མ་ཐོབ། 

མགོ་ལོག་རྨ་ཆེན་རྫོང་ནས་ཡིན་པའི་བོད་རིགས་པར་ལེན་སྒྱུ་རྩལ་བ་ གངས་ཕྲུག་དོན་འགྲུབ་ལགས་ཀྱིས་རྒྱལ་སྤྱིའི་སྐྱ་མི་རྟགས་མའི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས།

ཁ་སང་རྒྱལ་སྤྱིའི་སྐྱ་མི་རྟགས་མའི་པར་ལེན་འགྲན་སྡུར་ཞེས་པ་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་ཚོགས་ཏེ། ཨ་རི་དང་ཁ་ན་ཏ། རྒྱ་ནག དབྱིན་ཇི། འཇར་མན། ཧྥ་རན་སི། ཨེ་ཏི་ལེ་སོགས་རྒྱལ་ཁབ་བདུན་གྱི་ལེན་སྒྱུ་རྩལ་བ ་ ༢༤༠ མཉམ་ཞུགས་བྱས་ཡོད་པ་དང་། འགྲན་སྡུར་ཁྲོད་བོད་ཀྱི་གཞོན་སྐྱེས་པར་ལེན་སྒྱུ་རྩལ་བ་གངས་ཕྲུག་དོན་འགྲུབ་ལགས་ཀྱི་སྨོན་འདུན་ཞེས་པའི་བརྗོད་གཞིའི་སྟེང་བླངས་པའི་པར་རིས་བརྩམས་ཆོས་ཁག་ལ་ཨང་གཉིས་པའི་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག

ཐེངས་འདིའི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁྲོད་གཙོ་བོ་མཛེས་ལྗོངས་དང་མི་སྣ། དངོས་བྲིས། ཡུལ་སྲོལ། སྲོག་ཆགས། གསར་བཏོད་སོགས་རིགས་ཚན་དྲུག་ཏུ་ཕྱེ་ནས་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ། ཕུལ་བྱུང་བྱ་དགའ་སོགས་རིམ་པ་བཞི་རུ་བགོས་ཡོད་པ་དང་། འགྲན་སྡུར་ཁྲོད་ཁྱོན་པར་རིས་བརྩམས་ཆོས་༡༨༥༦༢ ལྷག་ལ་དཔྱད་འདེམས་བྱས་ཡོད་འདུག

གངས་ཕྲུག་དོན་འགྲུབ་ནི་ཕྱི་ལོ་༡༩༧༧ ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་སྐྱེས་པ་དང་།  ཕྱི་ལོ་ ༢༠༠༤ ལོ་ནས་པར་ལེན་གྱི་ལས་སུ་ཞུགས་ཤིང་། རྒྱ་ནག་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཁོངས་མི་དང་། མགོ་ལོག་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་ཚོགས་པའི་འགན་འཛིན་དང་དགེ་རྒན་བཅས་ཡིན་འདུག

ཕྱི་ལོ་༢༠༡༣  ལོར་ལྕགས་རྟ་འགྲན་རྒྱུག(环湖赛)ཞེས་པའི་སྟེང་པར་ལེན་པའི་འགན་བླངས་ཡོད་པ་དང་།   ཕྱིི་ལོ་༢༠༡༤ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་པར་ལེན་པའི་པར་རིས་འགྲན་སྡུར་ཁྲོད་ཁོང་ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་དང་།  དེ་བཞིན་ཕྱིི་ལོ་༢༠༡༥ ལོར་རྒྱ་ནག་པེ་ཅིན་གྲོང་ཁྱེར་ནས་ཚོགས་པའི་ཉིན་བཅུའི་རིང་གི་ཟབ་སྦྱོང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་ཞེས་པར་ཞུགས་ཏེ་ཕུལ་བྱུང་སློབ་མའི་མཚན་སྙན་སོགས་ཐོབ་ཡོད་འདུག  ད་ལྟ་ཁོང་གིས་པར་ལེན་སྒྱུ་རྩལ་ཆེད་ལས་བྱས་བསྡད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༡

Leave a Reply