བོད་ནང་ཀུན་སྤྱོད་ཀྱི་གད་སྙིགས་འཁུར་ཡོང་གི་འདུག

རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་མཛོད་དགེ་རྩྭ་ཐང་ཆེན་མོ་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་བ་བཟོས་ཏེ་ཡུལ་མིའི་འཚོ་བ་དང་རྩྭ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་འདུགཁ་སང་རྒྱ་ནག་གཞུང་གི་རང་བྱུང་སྲུང་སྐྱོབ་སྒྲིག་འཛུགས་ལྷན་ཁང་ཟེར་བ་ཞིག་གིས་མཛོད་དགེའི་མཐོ་སྒང་བརླན་ས་རུ་རྒྱལ་སྤྱིའི་བྱ་རིགས་ལྟ་སྐོར་དུས་ཆེན་ཟེར་བ་ཞིག་བསྡུས་ཏེ། རྒྱལ་ཁབ་༢༡ གི་བྱ་རིགས་ལྟ་སྐོར་བས་མཛོད་དགེ་རྩྭ་ཐང་ཆེན་མོའི་བྱ་རིགས་༢༡༡ ལྷག་ལ་ལྟ་ཞིབ་དང་བརྟག་དཔྱད་བྱེད་དུ་བཅུག་ཡོད་པ་དང་། ལོ་ཤས་གོང་རྒྱ་ནག་གཞུང་གིས་རྩྭ་ཐང་གི་དཀྱིལ་སྙིང་དུ་ཡོད་པའི་མཚོ་ཁྲ་ཁྲབ་ཁ་རུ་རྒྱལ་ཁབ་རིམ་པའི་(A4)ཞེས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཏུ་བཟོས་ཏེ། མཚོའི་མིང་ལའང་མེ་ཏོག་མཚོ་ཞེས་བཏགས་ནས་ཉེ་འཁོར་དུ་ཁང་པ་དང་ལམ་ཁ་སོགས་འཛུགས་སྐྲུན་ཤུགས་ཆེན་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཕ་ཡུལ་གྱི་འབྲེལ་ཡོད་ཅིག་ལ་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཡོང་བཞིན་ཡོད་པ་དེས་ཁོར་ཡུག་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་དྲིས་པར་ཁཽང་གིས། སྤྱིའི་ཆ་ནས་ཡུལ་སྐོར་བ་ཧ་ཅང་མང་བའི་ཚོད་ཀྱིས་དེ་ཙམ་མི་སྐྱོན་ན་ཡང་། ཡུལ་སྐོར་བ་མང་དྲགས་པའི་རྐྱེན་གྱིས་རླངས་འཁོར་སོགས་རྩྭ་ཐང་གི་གང་ས་གང་དུ་སྐོར་ཏེ་རྩྭ་ས་བྱེ་འགྱུར་དུ་སོང་བ་དང་གད་སྙིགས་ཀྱིས་མཚོ་མོར་འབག་བཙོག་བཟོས་པ་ཤུགས་ཆེན་པོ་རེད་འདུག ཅེས་ཟེར།

ཡང་ཁོང་གིས། སྤྱིར་བཏང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་བ་དེས་གད་སྙིགས་སོགས་ལ་དེ་ཙམ་སྐྱོན་མེད་པ་འདྲ་ཞིག་རེད་ལ། ད་ལོ་ནས་མཛོད་དགེ་རྫོང་གིས་མཚོ་ཁར་བདག་པོ་བརྒྱབ་སྟེ་གད་སྙིགས་སོགས་གཙང་བཟོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་གཞུང་ངོས་ནས་ཡུལ་སྐོར་སྤྲོ་འཆམ་པར་ཚོད་འཛིན་གྱིས་ཉིན་རེར་མི་གྲངས་༦༠༠༠ ལས་ཡོང་མི་ཆོག་པ་བྱས་ཡོད་པ་རེད། ཡིན་ན་ཡང་། དེ་ལས་ཉེན་ཚབ་ཆེ་བ་ཞིག་ནི་ཡུལ་སྐོར་སྤྲོ་འཆམ་པའི་ཤུགས་རྐྱེན་གྱིས་ཡུལ་མིའི་ཀུན་སྤྱོད་ལ་འབག་བཙོག་དང་། དངུལ་སྒོར་གྱི་གཡོ་ཧམ་བསླུ་བྲིད་སོགས་ཀྱི་གད་སྙིགས་ཤུགས་ཆེན་པོ་འཁུར་ཡོང་གི་ཡོད་པ་དེ་རེད་འདུག ཅེས་བརྗོད་བྱུང་།

རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་རང་བྱུང་ཐེབས་རྩ་ཚོགས་པའི་རང་བྱུང་བརླན་ས་སྲུང་སྐྱོབ་ཁུངས་སུ་ཚུད་པའི་མཛོད་དགེ་མཚོ་ཁྲ་ཁྲབ་ནི་གླིང་བ་དང་བཞག་སྡོམ། གཟའ་རུ་རི་སྡེ་གསུམ་གྱི་རྩྭ་ཐང་དཀྱིལ་དུ་འཁྱིལ་ཡོད་པ་དང་། ཞིབ་འཇུག་པ་ཚོས་མཚོ་དེ་ནི་རྩྭ་ཐང་གི་སྲོག་རྩ་ལྟ་བུ་ཡིན་སྐོར་བརྗོད་ཡོད་ན་ཡང་། ཕྱི་ལོ་ ༡༩༩༠ གྲངས་ནང་རྒྱ་ནག་གཞུང་གིས་མཛོད་དགེ་ཕྱོགས་ཀྱི་རྩྭ་ཐང་མང་པོ་ཞིག་གི་རྒྱ་ཁྱོན་ཆེ་རུ་གཏོང་དགོས་པའི་ལས་གཞི་སྤེལ་ཏེ། ན་ཆུ་མང་པོ་ཆུ་རྐ་སོགས་ཀྱི་ནང་དྲངས་པའི་རྐྱེན་གྱིས་རྩྭ་ཐང་གི་བརླན་བཤེར་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག སྐབས་དེར་རྒྱ་ནག་གཞུང་གིས་རྩྭ་ཐང་བྱེ་འགྱུར་དང་མཚོ་དང་མཚེའུ་སྐམ་པ་སོགས་སྒོ་ཕྱུག་སེམས་ཅན་མང་དྲག་པས་ཡིན་སྐོར་བརྗོད་དེ། ལོ་ཤས་སྔོན་ནས་བཟུང་འབྲོག་པ་མང་ཚོགས་ཀྱི་རྟ་ནོར་ལུག་གསུམ་ལ་གྲངས་ཚད་བཟུང་སྟེ་ཇེ་ཉུང་དུ་གཏོང་དགོས་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་འདུག

སྤྱིར་མཛོད་དགེའི་རྩྭ་ཐང་ཆེན་མོའི་ནང་མཚོ་དང་མཚེའུ་ཡིད་དུ་འོང་བ་མང་པོ་ཞིག་ཡོད་པ་དང་། སྔར་ལོར་རྒྱ་མི་མང་པོས་མཚོ་ནང་དུ་ཉ་འཛིན་དྲ་རྒྱ་གཡུགས་ནས་མཚོ་དང་མཚེའུ་ཁག་ཅིག་ཉ་འཛིན་དྲ་བའི་གད་སྙིགས་ཀྱིས་ཁེངས་བར་བརྟེན། ཡུལ་དེའི་རི་བོང་དགོན་གྱི་གྲྭ་པ་ཚོས་གཙང་བཟོ་བྱེད་དགོས་བྱུང་ཡོད་འདུག མཚོ་དེ་དག་གི་ནང་བྱ་རིགས་དང་ཉ་རིགས་འདྲ་མིན་སྣ་ཚོགས་ཡོད་པ་དང་། རི་སྐྱེས་བྱ་རིགས་ཞིབ་འཇུག་པ་ཚོས་མཚོ་དེ་དག་གི་བྱ་རིགས་ ༥༠ ལྷག་ཅིག་བོད་ཡུལ་ཁོ་ན་ལ་མ་གཏོགས་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༡

Leave a Reply

One thought on “བོད་ནང་ཀུན་སྤྱོད་ཀྱི་གད་སྙིགས་འཁུར་ཡོང་གི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་།

    སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་འཁུར་ནས་དཔལ་འབྱོར་འདུ་འགོད་ཀྱི་འཁོར་ཡུག་བསྐྲུན་དགོས་པ་ལས་ས་གནས་ཡུལ་མིའི་འཕྲོད་བསྟེན་དང་འཚོ་བ་ལ་གནོད་གཞི་འགྲོ་བའི་འཛུགས་བསྐྲུན་དང་ཡུལ་འཁོར་སྤྲོ་ཁྱམས་སོགས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་རྒྱུ་དེ་དག་འགྲོ་བ་མིའི་བཟང་སྤྱོད་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བར་ངོས་འཛིན་ཞུ་གི་ཡོད་།