གཏེར་ཁ་སྔོག་བཞིན་བཙན་འཛུལ་བྱས།

བོད་ལྷུ་རྩེ་རྫོང་ནས་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱས་ཏེ་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་སློང་ཉེན་འདུགགསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཁུལ་ལྷུ་རྩེ་རྫོང་ཁོངས་ནས་གསེར་དང་དངུལ་སོགས་རིན་ཐང་ཆེ་བའི་གཏེར་ཁ་སྔོག་འདོན་བྱས་ཏེ། ད་བར་ཡོང་སྒོ་ཨ་སྒོར་ཐེར་འབུམ་ ༦༠ ཙམ་བསགས་ཡོད་པ་མ་ཟད། ཧི་མ་ལ་ཡའི་མཐའ་ཁུལ་གྱི་ས་མཚམས་ཁག་སྤྱི་དང་། བྱེ་བྲག་ཏུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཆེ་ཤོས་སུ་གྱུར་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་མཐའ་མཚམས་བདག་བཟུང་བྱེད་ཆེད། ལྷུན་རྩེ་རྫོང་གཙོས་ས་མཚམས་སུ་འཁེལ་བའི་མཐའ་ཁུལ་ཁག་ཏུ་མི་སེར་གནས་སྤོར་བྱེད་དུ་བཅུག་སྟེ། ཕྱོགས་གཅིག་ནས་གཞུང་ལམ་དང་གནམ་ཐང་སོགས་འཛུགས་སྐྲུན་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཏེར་ཁ་སྔོག་འདོན་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་བདག་དབང་འོག་གནས་པའི་བོད་ལྷོ་ཁུལ་གྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱེད་ཀྱི་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་བར་སླར་ཡང་ས་མཚམས་རྩོད་རྙོག་འབྱུང་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

པེ་ཅིན་དུ་ཡོད་པའི་རྒྱ་ནག་ས་ཁམས་ཚན་རིག་གཙུག་ལག་སློབ་གཉེར་ཁང (China University of Geosciences)གི་ཧི་མ་ལ་ཡའི་བྱང་ཕྱོགས་ཐོན་ཁུངས་ཞིབ་འཇུག་པ་ཀྲིན་ཡོ་ཡེ་(Zheng Youye)ཟེར་བ་ཞིག་གིས། ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གིས་རྒྱ་གར་དང་དམག་འཁྲུག་བརྒྱབས་རྗེས། བོད་ཀྱི་ལྷོ་ཕྱོགས་ཁུལ་བདག་བཟུང་བྱེད་ཐུབ་ཡོད་ན་ཡང་། སྐབས་དེར་རྒྱ་ནག་ལ་ས་ཆ་བདག་འཛིན་བྱས་ཏེ་གནས་སྡོད་བྱེད་མཁན་མི་མེད་པར་བརྟེན་དམག་མི་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། ད་རེས་གཏེར་ཁ་སྔོག་འདོན་གྱི་ལས་གཞིས་ཧི་མ་ལ་ཡའི་མཐའ་ཁུལ་དུ་མི་མང་ཇེ་མང་དུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དུ་རྒྱ་དཀར་ནག་གཉིས་ལ་འདྲ་མཉམ་གྱི་ཐོན་ཁུངས་ཡོང་འབབ་བསྐྲུན་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག

རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་བོད་ཀྱི་ལྷོ་ཕྱོགས་ས་མཚམས་ཁག་གི་ཐོག་(senior government specialist in China-India disputes in South Tibet)ཆེད་ལས་ཞིབ་འཇུག་པ་ཧོ་ཞོོོོ་ཀང་(Hao Xiaoguang)ཟེར་བ་ཞིག་གིས། ཧི་མ་ལ་ཡའི་མངའ་ཁུལ་བདག་བཟུང་བྱེད་པར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་བདག་བཟུང་བྱེད་སྟངས་ལྟར་སྲིད་ཇུས་གཅིག་མཚུངས་ལག་བསྟར་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། དེ་སྔོན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཐོག་མར་མིས་བཟོས་གླིང་ཕྲན་ཞིག་རྫུན་བཟོ་བྱས་རྗེས་རིམ་བཞིན་མཚོ་དམག་ཇེ་མང་དུ་བཏང་སྟེ་མཚོའི་བདག་དབང་བཟུང་ཡོད་པ་རེད།

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ལྷུ་རྩེ་རྫོང་དུ་འཕྲུལ་རིག་བཟོ་བྱེད་སོགས་རིན་ཐང་ཅན་གྱི་གཏེར་དངོས་སྣ་ཚོགས་ཡོད་པ་དང་། ན་ནིང་ལོ་མཇུག་ནས་ལྷུ་རྩེ་རྫོང་དུ་གཏེར་ཁ་སྔོག་འདོན་བྱེད་པའི་ཚད་གཞི་ནི་བོད་ཁམས་ཡོངས་ཀྱི་གཏེར་ཁ་སྔོག་འདོན་གྱི་ཚད་གཞི་ལས་བརྒལ་ཏེ། རྒྱ་ནག་གི་སྲིད་ཇུས་འོག་མི་མང་པོ་ས་གནས་དེར་གནས་སྤོར་གྱིས་ད་ལྟ་ས་གནས་སྲིད་གཞུང་གིས་ཀྱང་ལྷུ་རྩེ་རྫོང་དུ་མི་ག་ཚོད་ཅིག་ཡོད་མེད་ཀྱི་གྲངས་འབོར་ཁ་གསལ་མེད་སྐོར་སོགས་བརྗོད་འདུག

ཡང་ཧོ་ཞོ་ཀང་ཟེར་བ་དེས། ཁ་སང་དེ་རིང་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གནས་བབ་དེ་འདས་པའི་ལོ་ངོ་བཅུའི་ཡར་སྔོན་དུ་བློ་ཡུལ་ལ་མི་ཤོང་བ་ཞིག་ཆགས་ཡོད་ལ། ད་ལྟ་ང་རང་སྤྲོ་སྣང་སྐྱེས་ས་དེ་འབྱུང་འགྱུར་ཧི་མ་ལ་ཡའི་མཐའ་ཁུལ་གྱི་གནས་སྟངས་ག་འདྲ་ཆགས་མིན་དེ་ཡིན། རྒྱུ་མཚན་ནི། འདས་མ་ད་གསུམ་གང་ལའང་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ཀྱི་ལྷོ་རྒྱུད་མཐའ་མཚམས་ཁག་ཚུད་པའི་རྒྱ་ནག་གི་ས་ཆ་སོར་གང་ཡིན་ཡང་གཞན་ལ་བདག་བཟུང་བྱེད་དུ་འཇུག་གི་མིན་པ་གསལ་པོ་བཤད་ཡོད། ཅེས་བརྗོད་ཡོད་པ་རེད།

ན་ནིང་རྒྱ་དཀར་ནག་གཉིས་བར་གྱི་འབྲོག་ལམ་རྩོད་རྙོག་ཞི་འགྲིག་ཡོང་སྟེ་ཅང་མ་འགོར་བར།  ཞི་ཅིན་ཕིན་གྱིས་ལྷུ་རྩེ་རྫོང་དུ་གནས་སྡོད་འབྲོག་ཁྱིམ་ཞིག་ལ་མུ་མཐུད་ས་ཆ་བདག་ཉར་བྱས་ཏེ་རྒྱལ་མཚམས་སྲུང་བསྡད་ཡོད་པར་བསྔགས་བརྗོད་བྱས་ཡོད་པ་མ་ཟད། མུ་མཐུད་མཐའ་མཚམས་སྲུང་དགོས་སྐོར་བཤད་ཡོད་པ་དང་།  སྐབས་དེ་དུས་ནས་རྒྱ་ནག་གིས་ལྷུ་རྩེ་རྫོང་དུ་ས་ཁམས་རིག་པ་བ་དང་། ས་ཁམས་ཇུས་འགོད་རིག་པ་བ་སོགས་ཆེད་མཁས་མི་སྣ་བཏང་སྟེ། ས་ཆར་ཞིབ་འཇུག་བྱས་པ་བརྒྱུད་ད་ལྟའི་ཆར་ལྷུ་རྩེ་རྫོང་དུ་གཞུང་ལམ་དང་མཁའ་ལམ། དེ་བཞིན། གློག་ལམ་དང་འབྲེལ་མཐུད་དྲ་ལམ་སོགས་འཛུགས་སྐྲུན་བྱས་དང་བྱེད་མུས་ཡིན་པ་མ་ཟད། ལྷུ་རྩེ་རྫོང་གི་དཔྱ་ཁྲལ་གྱི་བརྒྱ་ཆ་ ༨༠ ལྷག་ཞིག་གཏེར་ཁ་སྔོག་འདོན་ཁོ་ནའི་ཐོག་ནས་ཡོང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༢༡

Leave a Reply