བཀྲ་ཤིས་དབང་ཕྱུག་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྲིམས་བཤེར་བྱས་ཏེ། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ནས་ཁྲིམས་ཆད་དེ་ནི་དྲང་བདེན་མིན་པའི་ཁྲིམས་ཆད་ཅིག་ཡིན་པ་བརྗོད་འདུག

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ཉིང་ཞོ་ཅིན་གྱིས།  དེ་རིང་ཁྲིམས་བཤེར་སྐབས་བཀྲ་ཤིས་དབང་ཕྱུག་ལགས་ལ་གཡོགས་པའི་ནག་ཉེས་གཙོ་བོ་ནི། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་དང་ལེན་བྱས་ཏེ་བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་སློབ་གསོ་དགོས་པའི་འབོད་སྐུལ་གནང་བའི་གནས་ཚུལ་དེ་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤ་ཡའི་ཞིབ་འཇུག་འགན་འཛིན་ཇོ་ཤོ་རོ་སན་ཝི་གྷི་ལགས་ཀྱིས། དེ་རིང་བཀྲ་ཤིས་དབང་ཕྱུག་ལ་བཅད་པའི་ཉེས་ཆད་དེ་ནི་དྲང་བདེན་དང་འགལ་བ་ཞིག་ཆགས་ཡོད་ལ། ཁོས་བོད་ཀྱི་སྐད་ཡིག་ཆག་འཇིག་ལ་དོ་སྣང་ཡོང་ཐབས་སུ་ཞི་བའི་ལས་འགུལ་ཙམ་སྤེལ་བར་ཉེས་ཆད་འདི་འདྲ་ཞིག་བཅད་པ་ནི་ཐལ་དྲགས་པ་རེད།  ཞི་བའི་ཐོག་ནས་སྐད་ཡིག་སློབ་གསོའི་ལས་འགུལ་སྤེལ་བ་དེ་རྒྱལ་ཁབ་ཁ་བྲལ་བཏང་བར་ངོས་འཛིན་བྱས་པ་ནི་རྒྱུ་མཚན་གནས་ལུགས་དང་མི་མཐུན་པ་ཞིག་རེད། ཅེས་བརྗོད་འདུག

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་ཡོད་པར་བརྟེན།  ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་ཕྱིན་ཡོད་པ་དང་། དེ་སྔོན་ཁྲིམས་བཤེར་སྐབས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ངས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད་ཅེས་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ཁོང་ལ་ལོ་ ༡༥ ཡི་ཁྲིམས་ཐག་གཅོད་སྲིད་པའི་བློ་འཚབ་བྱུང་ཡོད་པ་རེད།

ཁོང་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་ཕྱིན་པའི་རིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་སུ་ནག་ཉེས་གང་ཡང་མེད་སྟབས། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་དང་། དེ་བཞིན། རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་ནས་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོར་སྙན་ཞུ་ཕུལ་ཏེ། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་དུས་ཡུན་ཕར་འགྱངས་ཀྱིས་ཞིབ་དཔྱོད་དགོས་པའི་འབོད་སྐུལ་སོགས་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༢༢

Leave a Reply