རྒྱལ་ཞེན་ལྟ་བ་བསླེབས་པར་དར་དམར་སྒྲེང་དགོས།

རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ཆེའི་ཁྱིམ་ཚང་རེ་རེས་དམར་ཤོག་ཚོགས་པའི་དར་དམར་སྒྲེང་འཛུགས་དགོས་པ་གསལ་བསྒྲགས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ཆེ་ཁྲིམས་སྒྲིག་ལྷན་ཚོགས་ཟེར་བས་གསལ་བསྒྲགས་སྤེལ་ཏེ། ཁ་ཆེའི་ཁྱིམ་ཚང་རེ་རེའི་ཁང་པའི་ཐོག་དང་གྱང་ཁ་གང་རུང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དར་དམར་གཏན་འཛུགས་བྱེད་དགོས་པ་དང་། དེ་བཞིན་ཁ་ཆེ་བ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་གུས་བརྩི་དང་མེས་རྒྱལ་ལ་དགའ་ཞེན་དགོས་སྐོར་བསྒྲགས་ཡོད་འདུག

གསལ་བསྒྲགས་ཡི་གེ་དེའི་ནང་གནད་དོན་གཙོ་བོ་ནི་ཁ་ཆེའི་མི་རིགས་གཙོའི་གྲངས་ཉུང་མི་རིགས་ཁག་གི་ནང་རྒྱལ་ཁབ་ཀྱི་བསམ་བློའི་ལྟ་བ་ལངས་ཕྱོགས་ལ་ངེས་ཤེས་གཏིང་ཟབ་སྐྱེས་ཐབས་དང་། མེས་རྒྱལ་ལ་དགའ་ཞེན་དང་རྒྱལ་ཞེན་གྱི་བསམ་བློ་བརྟན་པོ་ཚུགས་ཐབས་སུ་ཡིན་ལ། ཁ་ཆེ་བ་ཚོར་མི་མང་འདུ་འཛོམས་སར་དམར་ཤོག་ཚོགས་པའི་རྩ་ཁྲིམས་དང་སྲིད་ཇུས། དེ་བཞིན་དམར་ཤོག་ཚོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ཟེར་བ་དེ་དག་ཁ་ཆེའི་ཆོས་གཞུང་བརྒྱུད་ནས་གསལ་འགྲེལ་བྱེད་ཐུབ་པ་ཡིན་ན། མི་མང་གི་སེམས་སུ་རྒྱལ་ཞེན་གྱི་ལྟ་བ་གཏིང་ཟབ་ཚུགས་ཐུབ་སྐོར་སོགས་འཁོད་ཡོད་འདུག

ཡང་ཡི་གེ་དེའི་ནང་ཁ་ཆེ་བ་ཚོས་ཁང་པ་ཞིག་གི་ནང་ཆོས་ལུགས་ཆོ་ག་ཙམ་བྱེད་ནས་འདུག་པ་ལས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ཁག་ལ་སློབ་སྦྱོང་དང་། ཁ་ཆེའི་མི་མང་ཁྲོད་རྒྱ་ནག་གི་གཞི་རྩའི་ངོ་བོ་ངོས་འཛིན་བྱེད་ཤུགས་ཡར་རྒྱས་གཏོང་དགོས་པ་དང་། ཁ་ཆེའི་ཆོས་གཞུང་གཅིག་པོར་དམིགས་གཏོད་པ་ཙམ་ལས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་སོགས་ལ་སློབ་སྦྱོང་བྱེད་དགོས་སྐོར་འཁོད་འདུག

འདས་པའི་ཟླ་ཤས་རིང་ནས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་གཙོའི་གྲངས་ཉུང་མི་རིགས་ཁག་གི་ནང་ཞི་དྲག་གཉིས་ཀྱི་ལམ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ཤུགས་ཆེར་སྤེལ་ཐབས་བྱེད་བཞིན་ཡོད་པ་དང་། ལས་འགུལ་དེ་དག་གཙོ་བོ་རྒྱ་ནག་དམར་ཤོག་གཞུང་གིས་བཙུགས་པའི་ཆོས་ལུགས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ཟེར་བ་བརྒྱུད་སྤེལ་ཐབས་བྱེད་ཀྱི་ཡོད་པ་དང་། ཆོས་ལུགས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་ད་ལོ་ནས་ཁ་ཆེའི་ཆོས་ཚོགས་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་དང་། རྒྱ་ནག་དམར་ཤོག་ཚོགས་པས་གཏན་འབེབ་བྱས་པའི་ཆོས་ལུགས་ཀྲུང་གོ་ཅན་དང་སྤྱི་ཚོགས་རིང་ལུགས་ཅན་ཞེས་པའི་ཁྲིམས་སྒྲིག་ཁག་ལ་སློབ་སྦྱོང་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག

 ཉེ་སྔོན་རང་རྒྱ་ནག་གཞུང་གིས་ཁ་ཆེ་བ་སྟོང་ཕྲག་ཁ་ཤས་སློབ་གསོ་བསྒྱུར་བཀོད་ཁང་ཞེས་པའི་ནང་བཙན་བཀག་བྱས་སྟེ། ཁ་ཆེ་བ་ཚོར་བཙན་ཐབས་ཀྱིས་དམར་ཤོག་ཚོགས་པ་དང་མགོ་འཁྲིད་ཞི་ཅིན་ཕིན་ལ་བཀའ་དྲིན་ཞུ་དགོས་པའི་བཙན་ཐབས་དང་མནར་གཅོད་གཏོང་གི་ཡོད་པའི་སྐོར་ཕྱི་ལ་སླེབས་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཡུ་གུར་ནང་དུ་དམ་དྲག་ཤུགས་ཆེར་བྱེད་དགོས་དོན་ནི་ཁ་ཆེའི་ཐལ་སྤྱོད་རིང་ལུགས་དང་ཁ་བྲལ་རིང་ལུགས་པ་ཚོར་བཀག་འགོག་བྱེད་ཐབས་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཁ་ཆེའི་ཆོས་ལུགས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་འཛིན་བྱས་པའི་རྒྱ་ནག་གི་ཆོས་ལུགས་ཆེན་པོ་ལྔའི་གྲས་སུ་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་ཁ་ཆེའི་ཆོས་དད་མཁན་མི་གྲངས་ས་ཡ་ ༢༣ ལྷག་ཡོད་འདུག ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་ཁ་ཆེའི་མི་རིགས་ཁྲོད་རང་ཉིད་ཀྱི་རིག་གཞུང་དང་ཆོས་ལུགས་ལ་དགའ་ཞེན་དང་དམ་འཛིན་བྱེད་མཁན་ཚོར་འཇིགས་སྣང་སྐྱེས་ཀྱི་ཡོད་པ་མ་ཟད། དེ་དག་བཙན་གནོན་བྱེད་ཐབས་སུ་ཐབས་ཤེས་སྣ་ཚོགས་ལག་བསྟར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༣

Leave a Reply