རོགས་དངུལ་ཧིན་སྒོར་འབུམ་ ༢༡༠༠ གཏོང་རྒྱུ་ཡིན་ཡང་འདྲེན་པའི་ཨ་ལོང་དགོས་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་སུད་ཚོང་རོགས་སྐྱོར་ལས་གཞིའི་ཆེད་འདི་ལོར་དངུལ་འབོར་ལྡབ་གཅིག་ལྷག་རྒྱས་བཅད་ཀྱིས་ལས་གཞི་གསར་པ་གསུམ་དེ་རིང་ནས་ལག་བསྟར་བྱ་རྒྱུ་ཡིན་འདུག
དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སོགས་འཛོམས་ཏེ། དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མིའི་འཚོ་རྟེན་རོགས་སྐྱོར་ལས་གཞི་གཉིས་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས། ན་ནིང་སུད་ཚོང་རྒྱག་མཁན་རྣམས་ལ་སྒོར་འབུམ་ ༩༠༠ ཙམ་གྱི་རོགས་དངུལ་གནང་ཐུབ་ཡོད་པ་དང་ཕྱིར་སློག་དགོས་པའི་དངུལ་དེ་ཡང་བརྒྱ་ཆའི་ ༡༠༠ ཚུར་བསློགས་པ་མ་ཟད། ཕྱི་ཟླ་ ༤ པའི་ནང་བསློག་དགོས་ཡོད་པའི་དངུལ་དེ་ཚང་མས་ཟླ་གཅིག་དང་གཉིས་སྔོན་ཚུད་དུ་བསློགས་ཚར་བ་རེད། ད་ལྟ་ ལས་གཞི་གསར་པ་གསུམ་ཡོད་པ་ལས་གཅིག་ནི་འགྲིམ་འགྲུལ་གླ་འཁོར་ ༡༠༠ ལ་ཧིན་སྒོར་འབུམ་ ༦ རེ་འབུལ་རྒྱུ་ཡིན་པ་དང་། ལས་གཞི་གཉིས་པ་ལ་དྭགས་དང་འབྲས་ལྗོངས་ཁུལ་ཀྱི་བོད་མི་སྲོལ་རྒྱུན་རྟ་དྲེལ་དོ་སྐྱེལ་བ་ཚོར་ཧིན་སྒོར་འབུམ་རེ་གཡར་རྒྱུ། གསུམ་པ་ལ་དྭགས་གཙོས་ཡུལ་སྐོར་སྤྲོ་འཆམ་པ་འཛོམས་ཡུལ་གྱི་ལམ་ཟུར་ཚོང་ཙག་ཙིག་རྒྱག་མཁན་རྣམས་བཅས་ཁྱོན་ད་ཐེངས་མི་གྲངས་ ༡༥༢༥ ཙམ་ལ་རོགས་དངུལ་གནང་གི་ཡོད། ཅེས་དང་། ལས་གཞི་གསུམ་པ་དེར་གསལ་བཤད་ཀྱི་ཚུལ་དུ་ལམ་ཟུར་ན་ཚོང་ཁང་ཡོད་པ་དང་ཡང་ན་ཉལ་ཁྲི་ལ་སོགས་ཚོང་ཁང་ལྟ་བུ་མ་ཡིན་པར་ཐང་ལ་རས་གདན་སོགས་བཏིང་ནས་ཚོང་ཙག་ཙིག་རྒྱག་མཁན་ལ་གོ་དགོས་ཡོད་སྐོར་དང་། ད་ཐེངས་ཀྱི་ལས་གཞི་འདི་རྒྱ་གར་ཁོ་ནའི་ནང་ཡིན་པ་ལས་བལ་ཡུལ་ནང་ལས་གཞི་ཁ་ཁ་སྤེལ་གྱི་ཡོད་སྐོར་དང་། ད་ཐེངས་མི་མང་ལ་རོགས་དངུལ་འབུམ་ ༢༡༠༠ ཡིན་པས་ན་ནིང་ལས་ལྡབ་ལོག་གཅིག་འཕར་ཡོད་པ་གསུངས་སོང་།

དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ལས་གཞི་ལ་འཛུལ་བར་ངེས་པར་སྔོན་འགྲོའི་ཆ་རྐྱེན་ཚང་དགོས་པ་རེད། ཆ་རྐྱེན་ཚང་མིན་ལ་ཞིབ་འཇུག་བྱ་རྒྱུ་དང་སངས་རྒྱས་ཀྱིས་འདྲེན་པར་ཨ་ལོང་མེད་ན་ལྕགས་ཀྱུས་འདྲེན་མི་ཐུབ་པ་བཞིན་ང་ཚོས་འདྲེན་པ་ལ་ཆ་རྐྱེན་ངེས་པར་ཚང་དགོས་རེད། ཅེས་དང་། ས་གནས་ཚོགས་ཆུང་དང་ས་གནས་འགན་འཛིན་སོགས་ཀྱི་བརྟག་དཔྱད་རིམ་པ་བརྒྱུད་ཆ་རྐྱེན་ཚང་བ་རྣམས་ལ་རོགས་དངུལ་གནང་ཆོག་ཆོག་ཡིན་སྐོར་དང་། ལས་གཞི་གསར་པ་ཁག་ནི་བཙན་བྱོལ་སྤྱི་ཚོགས་ས་ཁུག་ལུང་ཁུག་དང་འཚོ་རྟེན་ཞན་པ་ཚོའི་ཆེད་དུ་ཡིན་སྐོར་གསུངས་སོང་།

དེ་རིང་ནས་མགོ་འཛུགས་བྱས་པའི་ལས་གཞི་འདིའི་ནང་མི་གྲངས་ ༡༥༢༥ ཙམ་ལ་དམའ་ཤོས་ཧིན་སྒོར་འབུམ་ ༡ ནས་མཐོ་ཤོས་ཧིན་སྒོར་འབུམ་ ༦ བར་བཅས་ཁྱོན་ཧིན་སྒོར་འབུམ་ ༢༡༠༠ གཏོང་རྒྱུ་ཡིན་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༥/༢༣

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་། Cancel Reply

3 thoughts on “རོགས་དངུལ་ཧིན་སྒོར་འབུམ་ ༢༡༠༠ གཏོང་རྒྱུ་ཡིན་ཡང་འདྲེན་པའི་ཨ་ལོང་དགོས་པ་རེད།

  1. ཡག་བྱུང་ཡག་བྱུང་སྲིད་སྐྱོང་བཀའ་ཤག་ཡག། རང་རེའི་སྤྱི་ཚོགས་ནང་གི་ཚོང་པ་ཚོར་རོགས་སྐྱོར་བུན་
    གཡར་ལས་གཞི་འདི་ནི་དཔལ་འབྱོར་ལ་ཧ་ཅང་ཕན་ཐོགས་ཆེ་བ་ཡོང་རྒྱུ་གདོན་མི་ཟ་བ་རེད།
    སྲིད་སྐྱོང་གཙོས་སྐོུ་རྣམ་པ་ཚོར་བཀའ་དྲིན་ཆེ་ཞུ་འདོད་བྱུང། བཀྲིས་བདེ་ལེགས་ཡོད།
    ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་བཞིན་སྒྲུབ་ཀྱི་ཡོད་པ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་།

    མང་གཙོའི་སྒྲིག་འཛུགས་ནང་ལས་དོན་ག་འདྲ་ཞིག་ཡིན་ཀྱང་ཁྲིམས་དང་སྒྲིག་གཞིའི་འོག་ནས་འགྲུབ་དགོས་པ་ལས་འདྲེན་པའི་ལྕགས་དཀྱུ་ལ་ཨ་ལོང་རྒྱུད་དགོས་བྱུང་ན་སྤྱི་ཚོགས་དྲང་བདེན་ནམ་ཡང་ཡོང་མི་ཐུབ་བོ་།

  3. གཞུང་པ་ཚེ་དབང་བསོད་ནམས་།

    སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་ཚོང་རྩ་དངུལ་བུན་ལེན་རྒྱུར་དད་པའི་ཨ་ལོང་དང་འདྲེན་པའི་ལྕགས་དཀྱུ་ག་འདྲ་ཞིག་དགོས་ཀྱི་ཡོད་པ་ཡིན་ནམ་ཁྲིམས་དང་སྒྲིག་གཞི་ལས་ལྷག་པའི་འདྲེན་པའི་ཨ་ལོང་ག་འདྲ་ཞིག་ཡོད་པ་ཡིན་ནམ་།