བདུན་ཕྲག་གཅིག་རིང་ཚ་བ་ཆེ་བས་ཚང་མས་ཡིད་གཟབ་བྱོས།

རྒྱ་གར་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས་བདུན་ཕྲག་གཅིག་རིང་ལྡི་ལི་སོགས་སུ་དྲོད་ཚད་ཏུའུ་ ༤༥ ནས་ ༤༦ བར་འཕར་རྒྱུ་ཡིན་པས་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག

རྒྱ་གར་ཧིན་རྡུ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས་ལྡི་ལི་དང་ཧར་ཡ་ན་གཙོའི་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཅན་དྷི་གྷར་དང་། རཱ་ཇི་སི་ཐན།  མཱ་དྷ་ཡཱ་མངའ་སྡེ། ཧི་མ་ཅཱལ་མངའ་སྡེ་སོགས་ཀྱི་ནང་དེ་རིང་ནས་བཟུང་བདུན་ཕྲག་གཅིག་རིང་ཚ་བ་ཆེན་པོ་ཆགས་ཡིན་སྟབས། འགྲུལ་སྐྱོད་པ་རྣམས་ཀྱིས་སོ་སོའི་བདེ་འཇགས་ལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག

རྒྱ་གར་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས་ཚ་རླབས་དེ་དེ་རིང་གཟའ་ལྷག་པའི་ཉིན་བསླེབས་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ནམ་རྒྱུན་ལྡི་ལི་སོགས་སུ་སྔ་དགོང་གཉིས་ཀྱི་གནམ་གཤིས་དྲོད་ཚད་ལ་ཁྱད་པར་ཅུང་ཙམ་ཡོད་ན་ཡང་། ཁ་སང་ནས་ལྡི་ལི་སོགས་ཀྱི་ཆ་སྙོམ་དྲོད་ཚད་ཏུའུ་ ༤༦ ལ་བསླེབས་ཡོད་པ་དང་། ལྡི་ལི་ཁུལ་གྱི་གནམ་དཔྱད་ཚན་རིག་པ་ཚོས་བདུན་ཕྲག་འདིའི་ནང་ལྡི་ལི་གཙོའི་ས་ཁུལ་ཁག་ཅིག་གི་ཆ་སྙོམ་དྲོད་ཚད་ཏུའུ་གྲངས་༤༥ ནས་༤༦ བར་མུ་མཐུད་འདུག་རྒྱུ་ཡིན་པ་དང་། སྤྱིར་ད་ལོའི་གནམ་གཤིས་དྲོད་ཚད་ནམ་རྒྱུན་ལས་ཏུའུ་གྲངས་ ༥ ནས་༦ བར་འཕར་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་རྒྱལ་ས་ལྡི་ལིའི་སྤྱིའི་ཆ་སྙོམ་དྲོད་ཚད་ཏུའུ་གྲངས་ ༤༧ ལ་བསླེབས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བཅུ་ལྷག་རིང་གི་གནམ་གཤིས་དྲོད་ཚད་ཆེས་ཆེ་ཤོས་ཆགས་ཡོད་པ་དང་། སྐབས་དེར་ལྡི་ལི་ཁུལ་གྱི་སྲང་ལམ་གཡས་གཡོན་དུ་སྡོད་མཁན་སོགས་དབུལ་པོ་རྣམས་གཙོ་བོར་གྱུར་བའི་མི་གྲངས་༨༧ ཚ་བས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བསྡོམས་རྩིས་ལྟར་ན་ཕྱི་ལོ་༢༠༡༣ ལོ་ནས་ད་ལྟ་བར་མི་གྲངས་ ༤༢༠༤ ལྷག་ཚ་རླབས་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག དེ་བཞིན། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་མངའ་སྡེ་གསུམ་ནང་མི་གྲངས་༢༣༣༠ ལྷག་ཚ་བའི་རྐྱེན་བྱས་ཏེ་འདས་གྲོངས་སུ་སོང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ནང་ལོ་རེར་དུས་ཚིགས་མི་འདྲ་བའི་ནང་ཚ་བོ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་གཞུང་ནས་ས་གནས་སོ་སོར་སྨན་པ་དང་སྨན། དེ་བཞིན་ཚ་དྲོད་འགོག་ཐབས་ཀྱི་གཡོ་ཆས་མཐུན་སྦྱོར་གནང་གི་ཡོད་ཀྱང་། ལོ་རེར་ཉུང་མཐར་མི་གྲངས་༡༠ ནས་༡༥ དང་། ཉུང་མཐར་རྒྱ་གར་རྒྱལ་ཡོངས་ནང་ལོ་རེར་མི་༣༠༠ ལྷག་ཚ་བས་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༣

Leave a Reply