རྒྱ་ནག་གཞུང་གིས་བོད་ཤ་རྡོག་བཞིན་མིད་ཚར་ཏེ་ཕྱིར་འདོན་འདོད་མེད་པ་རེད།

རྒྱ་ནག་གཞུང་གིས་གདུག་རྩུབ་སྲིད་བྱུས་ལ་མ་འཛེམས་པར་རྒྱ་རིགས་ཁྲིམས་རྩོད་པ་ ༡༦ གིས་དང་བླངས་ཀྱི་ཐོག་ནས་བོད་མི་ ༡༥ ཡི་གྱོད་དོན་ཁྲིམས་རྩོད་ཐད་རོགས་སྐྱོར་གནང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་འཚོ་མོ་ལགས་དང་། བོད་གནས་དང་བོད་ཀྱི་རིག་གཞུང་སྐོར་གྱི་ཉམས་ཞིབ་པ་རྒྱ་རིགས་ཀྲུའུ་རེས(zhu Rui) ལགས་གཉིས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་འགོག་རྐྱེན་སྣ་ཚོགས་བཟོས་ཏེ། བོད་མི་ཚོར་དྲང་བདེན་གྱིས་ཁྲིམས་རྩོད་པ་བྱེད་བཅུག་གི་མེད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞིག་རྒྱ་ཡིག་ནང་དབུ་འབྱེད་གནང་སོང་།

ཚོགས་འདུའི་ཐོག་མར་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཐེངས་འདིར་ང་ཚོས་གསར་འགོད་ལྷན་ཚོགས་ཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་དམིགས་བསལ་སྙན་ཐོ་ཞིག་དབུ་འབྱེད་ཀྱི་ཆེད་དུ་ཡིན་ལ། དེ་རིང་གི་ཉིན་མོ་འདི་ཕྱི་ལོ་ ༢༠༠༨ ལོར་རྒྱ་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ ༢༡ གིས་ཡོངས་ཁྱབ་གསལ་བསྒྲགས་བཏང་བའི་ཉིན་མོར་འཁེལ་ཡོད་པ་དང་།  སྤྱིར་བཏང་ཕྱི་ལོ་ ༢༠༠༨ ཕྱི་ཟླ་༤ པའི་ཟླ་མཇུག་ནས་ཡོངས་ཁྱབ་གསལ་བསྒྲགས་ཐེངས་དང་པོ་དེ་བཏང་ཡོད་པ་རེད། བོད་ནང་དུ་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་སྐབས་སུ་ཞི་བའི་སྐད་འབོད་མང་པོ་བྱས་པའི་རྐྱེན་གྱིས་འཇུ་བཟུང་དང་བཙན་འཁྲིད་བྱས་པའི་བོད་མི་མང་པོ་ཞིག་གར་སོང་ཆ་མེད་དུ་བཏང་བར་རྒྱ་ནག་གཞུང་གིས་གནས་ཚུལ་སྦས་སྐོང་བྱས་ཏེ། མི་ག་ཚོད་འཛིན་བཟུང་བྱས་ཡོད་མེད་དང་བཀག་ཉར་ག་ཚོད་བྱས་ཡོད་མེད་སྟོན་ཡོད་མ་རེད། དེའི་རྐྱེན་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གནོན་ཤུགས་སྤྲད་དེ་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོས་མགྱོགས་པོ་ཁྲིམས་ཐག་གཅོད་དགོས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཅེས་ཟེར།

ཡང་སྙན་ཐོ་དེ་རྒྱ་རིགས་ཤེས་ཡོན་པ་ཚོས་བོད་པ་འཛིན་བཟུང་བཙོན་བཅུག་བྱས་པ་ཚོར་མུ་མཐུད་རོགས་རམ་བྱེད་བཞིན་པ་དང་ཁོ་ཚོས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་ལོ་བཅུ་འཁོར་བར་བཀའ་དྲིན་རྗེས་དྲན་ཆེད་ཡིན་པའི་སྐོར་ལ་མོས། ཁོང་རྣམ་པས་དང་བླང་ངང་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༤ པའི་ཟླ་སྟོད་ལ་ཡོངས་ཁྱབ་གསལ་བསྒྲགས་བཏང་སྟེ། ང་ཚོས་བོད་མི་དེ་དག་ལ་ཁྲིམས་ཐག་གཅོད་པའི་སྐབས་སུ་ཁྲིམས་ཀྱི་རོགས་རམ་བྱེད་ཀྱི་ཡིན་ཞེས་འཁོད་ཡོད་པ་རེད་ལ། དེའི་རྗེས་རྒྱ་ནག་གཞུང་གིས་ཁོང་རྣམ་པར་གནོན་ཤུགས་ཆེན་པོ་སྤྲད་ཡོད་ན་ཡང་། གནོན་ཤུགས་ལ་མ་འཛེམ་པར་བསྐྱར་དུ་ཡོངས་ཁྱབ་གསལ་བསྒྲགས་གཉིས་པ་དེ་ཕྱི་ལོ་༢༠༠༨ ཕྱི་ཟླ་ ༥ ཚེས་ ༢༤ ཉིན་སྤེལ་སྟེ་དེ་རིང་ནས་ལོ་བཅུ་འཁོར་གྱི་ཡོད་པ་རེད། དེ་རིང་གི་སྙན་ཐོ་དེ་ཁོང་ཚོས་བོད་པ་ཚོར་རོགས་རམ་བྱས་པའི་དྲན་རྟེན་ཆེད་ཡིན་ལ། ཁོང་རྣམ་པས་བོད་པ་འཇུ་བཟུང་བྱས་པ་རྣམས་ལ་ད་དུང་རོགས་བྱེད་དང་བྱེད་བཞིན་ཡོད་པ་རེད།  དཔེར་ན་ཉེ་ཆར་བཀྲ་ཤིས་དབང་ཕྱུག་ལགས་ལའང་རྒྱ་རིགས་ཁྲིམས་རྩོད་པ་གཉིས་ཀྱིས་རོགས་པ་བྱས་ཡོད། དེར་བརྟེན་དེ་དག་གི་བཀའ་དྲིན་རྗེས་དྲན་ཆེད་དང་། ཁོང་རྣམ་པ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་ཟེར་དུས་མི་རིགས་དབྱེ་འབྱེད་མེད་པར་གཅིག་མཚུངས་ཐོག་གཞུང་ངོས་ནས་ཐག་གཅོད་བྱེད་དགོས་རེད་ཅེས་བློ་ཁོག་ཆེན་པོས་ཡོངས་ཁྱབ་གསལ་བསྒྲགས་བཏང་ནས་ལོ་བཅུ་འཁོར་བའི་དུས་དྲན་ཆེད་ང་ཚོས་སྙན་ཐོ་འདི་བཏོན་པ་ཡིན། ཞེས་བརྗོད་སོང་།

བོད་དོན་རྒྱབ་སྐྱོར་བ་ཀྲུའུ་རེས་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་མོས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་བཤད་སྐབས། ད་ལྟའི་ཆར་བོད་ནང་ཉིན་རེ་བཞིན་འཛིན་བཟུང་དང་ཁྲིམས་ཐག་གཅོད་བྱེད་བཞིན་པ་རྣམས་ཀྱི་སྐོར་མི་བཤད། ངས་བཤད་འདོད་པ་ནི་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༤ བར་དུ་བོད་མི་ ༡༥༩ ཡིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནད་དོན་འདི་ཡིན། རྒྱལ་ཁབ་གཞན་གྱི་ནང་འདི་འདྲ་བྱུང་མྱོང་ཡོད་པ་རེད་དམ་ཟེར་ནས་ང་ཚོས་ཅིག་བལྟས་པ་ཡིན་ན། འཛམ་གླིང་གི་རྒྱལ་ཁབ་སུ་གང་གི་ནང་དུའང་མི་གྲངས་ ༡༥༩ ཡིས་སྲིད་གཞུང་གི་བཙན་གནོན་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་མྱོང་ཡོད་པ་མ་རེད། དེར་བརྟེན་གནས་སྟངས་འདིའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་འདྲའི་ཡ་ང་བ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་རེད། ཅེས་བརྗོད་སོང་།

ཡང་རྒྱ་གཞུང་གིས་བོད་ཤ་རྡོག་བཞིན་མིད་ཚར་ཏེ་ཕྱིར་འདོན་འདོད་མེད་པར་བརྟེན་ལོ་རྒྱུས་ལའང་འཁྱོག་བཤད་བྱེད་ཀྱི་ཡོད་སྐོར་ལ་མོས། ཉིན་ཤས་སྔོན་གོ་ཐོས་བྱུང་བ་ལྟར་ན། བོད་མི་ཞིག་གནམ་ཐང་གི་ཞིབ་བཤེར་ས་ཚིགས་སུ་ཕྱིན་ཏེ་ཐོབ་ཐང་ལག་ཁྱེར་བཤེར་ཆས་ལ་བརྡར་སྐབས། བོད་མི་དང་། རྒྱ་མིའི་ཐོབ་ཐང་ལག་ཁྱེར་གྱི་སྒྲ་ཐ་དད་ཡིན་པས་བོད་མི་ཡིན་དང་རྒྱ་མི་ཡིན་དབྱེ་བ་འབྱེད་ཐུབ་ཡོད་པར་བརྟེན། བོད་མི་ཡིན་པ་ཤེས་རྗེས་དམིགས་བསལ་གྱིས་སྔོག་བཤེར་བྱས་ཡོད་པ་རེད།  དངོས་གནས་འདི་ནི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་རེད། དུས་རབས་ཉེར་གཅིག་པའི་ནང་མི་རིགས་དབྱེ་འབྱེད་ནི་འཛམ་གླིང་ཡོངས་ཀྱི་ངོ་ཚ་རེད་ལ། ལྷག་པར་དུ་རྒྱ་ནག་གཞུང་གི་ངོ་ཚ་རེད།  རྒྱ་ནག་གཞུང་གིས་བོད་རིགས་དང་རྒྱ་རིགས་བར་ག་རེ་བྱས་ནས་ཁྱད་པར་འབྱེད་ཀྱི་ཡོད་པ་རེད་ཟེར་ན། དེ་ནི་ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་གནས་སྟངས་དང་འབྲེལ་བ་ཆགས་བསྡད་ཡོད་པ་རེད།

རྒྱ་ནག་གཞུང་ནི་བཙན་འཛུལ་བ་ཞིག་དང་མི་སེར་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གིས་བོད་ཟོས་ཚར་ཡོད་པས་ད་ལྟ་ཤ་རྡོག་འདི་ཁ་ནས་ཕྱིར་འདོན་འདོད་ཡོད་པ་མ་རེད། བོད་ལ་གཏེར་ཁ་དང་ཆུ་སོགས་ཀྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་སྟབས། ཟོས་ཚར་བའི་ཤ་རྡོག་འདི་ཕྱིར་འདོན་འདོད་ཡོད་པ་མ་རེད།  ཅུང་ཕངས་པོ་ཞིག་ལ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚོས་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད་པ་ངས་མཐོང་གི་འདུག་ལ། དེ་བཞིན་རྒྱ་ནག་གི་དོ་འཁུར་ཅན་གཞན་རྣམས་ཀྱིས་ཀྱང་ང་ཚོའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་། འདི་ལ་གནད་དོན་ཞིག་ཡོད་པ་རེད། རྒྱ་རིགས་ཚོས་རྒྱ་ནག་གུང་ཁྲན་ཏང་གི་སྒེར་གཅོད་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་ནང་དམངས་གཙོ་འཛུགས་སྐྲུན་བྱེད་འདོད་ཀྱི་ཡོད་པ་རེད། ཡིན་ནའང་།  ང་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་དོན་ནི་མི་སེར་སྤེལ་བའི་དབང་བསྒྱུར་མཇུག་རྫོགས་ཏུ་བཅུག་སྟེ་རང་དབང་མངོན་འགྱུར་ཡོང་དགོས་པ་དེ་རེད། དེ་འདྲ་ཡིན་དུས་ང་ཚོའི་དམིགས་ཡུལ་འདྲ་ཡི་ཡོད་པ་མ་རེད། སྤྱིར་བཏང་ང་ཚོ་མཉམ་འབྲེལ་བྱེད་ཆོག་པ་རེད་དེ་ཆ་རྐྱེན་ཡོད་པ་རེད། ཆ་རྐྱེན་དེ་ཐོག་མར་རྒྱ་ནག་ནང་དམངས་གཙོ་མངོན་འགྱུར་བྱུང་རྗེས་གཞི་ནས་བོད་ལ་རང་དབང་ཐོབ་ཐབས་བྱ་རྒྱུ་དེ་མ་རེད། རྒྱ་ནག་གི་མི་དང་ཡང་ན་རྒྱ་རིགས་ཤེས་ཡོན་པ་བོད་ཀྱི་ལོ་རྒྱུས་རིག་པ་བ་དང་བོད་ནང་གི་གནད་དོན་ཆེད་མཁས་པ་ཡིན་ཟེར་མཁན་དེ་ཚོས་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་དེ། ཁོང་ཚོར་བོད་ཀྱི་ལོ་རྒྱུས་ཤོད་ལབ་པའི་སྐབས་སུ་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་གནས་ཚུལ་ངོས་ལེན་བྱེད་པ་མ་རེད། དཔེར་ན། བོད་དང་རྒྱ་ནག་བར་གྱི་འགལ་ཟླ་བཤད་སྐབས། ཁོང་ཚོས་གུང་ཁྲན་ཏང་དང་བོད་ཀྱི་འགལ་ཟླ་ཞིག་ཡིན་པར་ངོས་འཛིན་བྱེད་པ་རེད།  དེ་བཞིན་ཁོང་ཚོས་ལོ་རྒྱུས་ཐོག་ཨ་མདོ་དང་ཁམས་བོད་གཞུང་བཀའ་ཤག་གི་སྲིད་དབང་འོག་གཏོགས་ཀྱི་མེད་པ་སོགས་བཤད་ཀྱི་ཡོད་པ་དེ་ཚོ་དོན་དངོས་དང་མཐུན་གྱི་ཡོད་པ་མ་རེད། དེར་བརྟེན་གནད་དོན་འདི་དག་ང་ཚོས་རང་དབང་འཐབ་རྩོད་ཁྲོད་དང་། ཡང་ན་རྒྱ་མིར་མཉམ་འབྲེལ་གྱི་བརྒྱུད་རིམ་ཁྲོད་ང་ཚོས་ངེས་པར་དུ་དམིགས་འབེན་དུ་འཛིན་དགོས་པ་རེད། ང་རང་རྒྱ་མི་ཞིག་གི་ངོས་ནས་དོན་དངོས་ཀྱིས་བོད་ལ་རྒྱབ་སྐྱོར་དང་། ཡང་ན་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པར་དྲང་བདེན་ཟོལ་མེད་ཀྱི་སེམས་པ་གཙང་མ་ཞིག་ཡོད། ངས་ཐོག་མར་ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད། དེ་ནས་ང་རང་གི་ངོས་ནས་བོད་མིས་གཉིས་སྨན་དབུ་མའི་ལམ་རྩོད་ཀྱི་ཡོད་ན་རེད། ཡང་ན་རང་བཙན་རྩོད་ཀྱི་ཡོད་ནའང་རེད་ངས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་ནམ་ཡང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་སོང་།

རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞེས་པའི་ཤོག་ལྷེ་གཅིག་ཅན་གྱི་གསར་འགོད་གསར་བསྒྲགས་ཤོག་བུ་དེའི་ནང་། རྒྱ་ནག་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་རྒྱ་ནག་དམར་ཤོག་དབུས་གཞུང་གཙོས་པའི་རྒྱལ་ཞེན་རིང་ལུགས་པ་ཚོས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་སྐྱོན་བརྗོད་དང་འཁོན་ལན་སློག་མིན་ལ་མ་བལྟས་པར། ཁྲིམས་རྩོད་པ་མང་པོ་ཞིག་གིས་མུ་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གང་ཐུབ་གནང་ཡང་། རྒྱ་གཞུང་གིས་ཁོང་ཚོར་འགོག་རྐྱེན་སྣ་ཚོགས་བཟོས་པའི་རྐྱེན་གྱིས་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུ་ཁག་པོ་བྱུང་ཡོད། བོད་མིའི་གྱོད་དོན་ཁྲིམས་རྩོད་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱ་རིགས་ཁྲིམས་རྩོད་པ་༤ མ་གཏོགས་ཁྲིམས་རར་བཅར་དུ་བཅུག་མེད་ཅིང་། གྱོན་དོན་༨ ཀྱི་ནང་དུ་རྒྱ་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་ངོས་ལེན་མ་བྱས་པའམ་ཡང་ན་གྱོན་དོན་ལ་ཐེ་གཏོགས་མི་ཆོག་པ་བཟོས་པར་མ་ཟད། ཁྲིམས་རྩོད་པ་ཁ་ཅིག་ལ་འགོག་རྐྱེན་མང་པོ་བཟོས་རྐྱེན་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་དངོས་ལ་ཞིབ་འཇུག་དག་སེལ་གནང་ཐུབ་མེད། རྒྱ་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཁག་ཅིག་གི་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་དེབ་སྐྱེལ་མ་བྱས་པ་དང་། ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཕྱིར་བསྡུ་བྱས་པའི་གནས་ཚུལ་བྱུང་ཡོད། ཡིན་ནའང་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་དེས་ཁྲིམས་རྩོད་པ་ཚོར་ལུག་བསད་དེ་ར་འདར་བའི་འཇུགས་སྐུལ་གྱི་ནུས་པ་མ་ཐོན་པར་མ་ཟད། ཕྱི་ལོ་༢༠༡༦ ལོའི་བར་ཁོང་རྣམ་པས་མུ་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་མུས་ཡིན་པ་རེད། ཅེས་བརྗོད་འདུག

ཡང་སྙན་ཐོ་དེ་ལྟ་བུ་ཞིག་འགྲེམས་སྤེལ་བྱེད་དགོས་པའི་སྐོར་ལ། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༠༨ ལོར་བོད་ས་བྱིའི་ཞི་རྒོལ་ལས་འགུལ་བྱུང་ནས་མི་ལོ་ཧྲིལ་བོ་ ༡༠ འཁོར་བ་དང་། རྒྱ་རིགས་ཁྲིམས་རྩོད་པ་རྣམ་པས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ཧྲིལ་བོ་༡༠ འཁོར་བའི་དུས་དྲན་དང་བསྟུན། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདི་འགྲེམས་སྤེལ་བྱས་པ་ཡིན་ལ། ལྷག་པར་དུ་བོད་མིའི་དྲང་བདེན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་པ་རྒྱུ་མཚན་དུ་བསྙད་དེ། རྒྱ་གཞུང་གིས་འཁོན་ལན་ཉེས་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀྱང་ཡིན། སྙན་ཐོ་འདིའི་ནང་དུ་རྒྱ་རིགས་ཁྲིམས་རྩོད་པ་ཚོས་དང་བླངས་ཀྱི་ཐོག་ནས་བོད་མིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་གནང་བར་ཞིབ་འཇུག་དང་། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོ་ཅིའི་ཕྱིར་གྲགས་འགུལ་མི་ཐུབ་པར་གྱུར་བའི་གནས་སྟངས་ལ་རྒྱུས་ལོན། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་དོན་ཐོག་ཁས་བླངས་པའི་བོད་རང་བཙན་དང་། རང་ཐག་རང་གཅོད། མི་རིགས་ས་ཁོངས་རང་སྐྱོང་སྐོར་གླེང་སློང་བྱས་པའི་བརྒྱུད་རིམ། མཐའ་མཇུག་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་དེ་ཡང་མིང་སྐམ་ཞིག་ལས་ངོས་ལེན་མ་བྱས་པར་བརྟེན། ད་ཆ་བོད་མིའི་སྒྲིག་འཛུགས་ནས་མིང་དོན་མཚུངས་པའི་རང་སྐྱོང་བརྩོན་ལེན་བྱེད་དགོས་བྱུང་སྐོར། རྒྱ་གུང་ཁྲན་བོད་དུ་སླེབས་པ་ནས་བཟུང་རྒྱ་གཞུང་གིས་སོ་སོའི་རྩ་ཁྲིམས་ལའང་བརྩི་བཀུར་མི་བྱེད་པར་གང་འདོད་དུ་ཁྲིམས་མེད་ལུགས་ལྡོག་གི་སྦྱོར་བ་མང་པོ་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐོར་བརྗོད་འདུག

གསར་འགོད་པ། ཚེ་རིང་ནོར་བུ་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༤

Leave a Reply

One thought on “རྒྱ་ནག་གཞུང་གིས་བོད་ཤ་རྡོག་བཞིན་མིད་ཚར་ཏེ་ཕྱིར་འདོན་འདོད་མེད་པ་རེད།

  1. ཁ་བཤད་གཉིས་མེད་ཀྱི་དྲང་བདེན་ཡིན་ན་ ཧང་སང་ཡ་བསླབ་ཆེན་རེད། བོད་པའི་སྤྱི་ཚོགས་ནང་ལ་ ལྟོ་ཟ་མཁན་ཚོ་ལ་ འདི་ག་སེ་སེམས་ཤུག་མེད། ཁོང་ཚོའི་ རྒྱ་དམར་གུང་ཁྲན་གྱི་ བོད་ཀྱི་འཁོར་ཡུག་གཏོར་བཤིག་དང་ གཏེར་ཁ་སྔོག་འངོན་སོགས་ལ་ དོ་སྣང་འདུག་གས།