བྱིས་པའི་སེམས་ཁམས་དང་སློབ་གསོ།

བོད་ཀྱི་དུས་བབ་ཀྱི་རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།ཀྱག་ཀྱོག་གི་ལོ་ཟླ་བར་མེད་དུ་འཁོར་ཞིང་། དཔྲལ་བའི་གཉེར་མ་ཡང་ཇེ་མང་དུ་འཕེལ་བའི་མི་ཚེའི་བགྲོད་ལམ་འདིར། ཡ་རབས་དང་། དྲང་བདེན་གྱི་རང་ཚུགས་ཟིན་པའི་རི་བོ་གངས་ཅན་པའི་མེས་པོ་དམ་པ་རྣམས་རིམ་གྱིས་སྟོངས་ཏེ་གསར་སྐྱེས་ཀྱི་གཞོན་ནུ་རྣམས་ལ་དོན་དམ་ཡང་དག་ལམ་གྱི་འོད་སྣང་སྦྱིན་མཁན་ཉུང་བས། ཆོལ་གསུམ་ཁྱོན་གྱི་ན་གཞོན་ཁྲི་འབུམ་མང་པོ་ཆང་རག་གི་བྲན་གཡོག་ཏུ་འགྱུར་བཞིན་མི་ཚེའི་རིན་ཐང་། རིགས་ཞེན་གྱི་ལ་རྒྱ། ཡ་རབས་ཀྱི་གོམས་སྲོལ་ཕྱི་ནང་གི་རིག་གནས། རྒན་བཀུར་གཞོན་སྐྱོང་སོགས་རང་གཞན་ཀུན་ལ་ཕན་པའི་ཡང་དག་ལྟ་བ་དང་རིང་དུ་གྱེས། ངོ་ཚ་ཁྲེལ་མེད། རྒྱུ་འབྲས་ལ་མི་བརྩི་བ། ཆ་ལུགས་ཡ་མ་གཟུགས། བག་མེད་ཀྱི་འཚོ་བ་སྣ་ཚོགས་ཁྲོད་མི་ཚེ་སྟོང་ཟད་དུ་འགྱུར་བཞིན་པའི་གནས་ཚུལ་རྒྱ་ཁྱབ་ཏུ་འགྲོ་བ་འདི་དག་མཐོང་ཐེངས་རེ་རེར་ངའི་གཟུགས་མེད་དམར་ཆུང་སེམས་ཁམས་སུ་མངོན་མེད་ཀྱི་ཟུག་གཟེར་གྲང་མོ་ཞིག་བརྒྱབ་ཡོང་གི་འདུག

ན་ཆུང་གི་གཞོན་ནུ་རྣམས་ནི། ང་ཚོའི་མ་འོངས་པའི་བློ་གཏད་བཅོལ་ཡུལ་དང་། མི་རབས་རྗེས་མའི་ཤུལ་འཛིན། འབྱུང་འགྱུར་འཛམ་གླིང་དང་། རྒྱལ་ཁབ། མི་རིགས་ག་གེ་མོའི་བདག་པོ་ཡིན་པས། དེ་དག་ལ་ཡང་དག་པའི་བསམ་བློའི་སློབ་གསོ་དང་བདེ་ཐང་གི་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་མཛད་རྒྱུ་ནི་སྤྱི་ཚོགས་དང་། ཁྱིམ་ཚང་ཚང་མའི་འོས་འགན་ཞིག་ཡིན། རང་ཅག་འགྲོ་བ་མིའི་རིགས་འདི་ཉིད་ཚེ་རབས་ནས་ཚེ་རབས་མང་པོ་བརྒྱུད་དེ། སྐྱིད་སྡུག་མི་གཅིག་པའི་འཇིག་རྟེན་འདིར་སྐྱེས་ཡོང་གི་ཡོད། ཟང་ཟིང་གི་འཇིག་རྟེན་འདིར་གསར་དུ་བཙས་པའི་བྱིས་པ་ཆུང་ཆུང་དེ་དག་གི་སེམས་ཁམས་ནི་དབང་དང་རྒྱུ་ནོར། ངོ་དགའ་སྤྲེལ་ལད། ཐོབ་དང་གོ་ས་སོགས་ཀྱིས་ཉོ་ཐབས་བྲལ་བའི་དགོད་སླ་ལ། ངུ་སླ་བའི་ལྷད་མེད་དྭངས་གཙང་གི་སེམས་ཁམས་ཞིག་ཡིན།  དེ་ལྟ་བུའི་རིན་ཐང་བྲལ་བའི་བྱིས་པའི་སེམས་ཁམས་སུ། ང་ཚོས་རིན་ཐང་ལྡན་པའི་ཡང་དག་སློབ་གསོ་དང་། མི་ཚེའི་མདུན་ལམ་ཞིག་གསར་དུ་གཏོད་དགོས་ན་ཁྱིམ་ཚང་གི་སློབ་གསོ་ནི་གལ་ཆེན་ནང་གི་གལ་ཆེན་ཞིག་ཡིན། དེང་གི་ཆར་ཁྱིམ་ཚང་གི་ཁོར་ཡུག་གནས་བབ་ཧ་ཅང་ཞན་ལ་ཕ་མ་རྣམས་དུ་བ་ཆང་རག་དང་། རྒྱན་འཛུགས་ཤོ་སྦག་ལ་དགའ་བ་དེའི་རྐྱེན་གྱིས་བྱིས་པའི་བདེ་ཐང་དང་སེམས་ཁམས་ལ་བག་ཆགས་ངན་པ་བཞག་སྟེ།  འབྱུང་འགྱུར་གྱི་འཚོ་བའི་ནང་། བུ་ཕྲུག་རྣམས་ཀྱང་ལམ་བུ་དེ་དག་ལ་ལང་ཤོར་ཡོང་གི་ཡོད། བྱིས་པའི་སེམས་ཁམས་ནི། དྭངས་གཙང་གི་ཆུ་ཤེལ་བུམ་པ་ཞིག་དང་ཁྱད་པར་མེད་ལ། ཁྱིམ་ཚང་གི་སློབ་གསོ་ནི་བུམ་པའི་ནང་བླུག་བྱེད་ཀྱི་དངོས་རྫས་ལྟ་བུ་དང་ཁྱད་པར་མེད། ཁྱིམ་ཚང་གི་སློབ་གསོ་ཡག་པོ་མེད་ན། བུམ་པའི་ནང་དུ་དུག་བླུག་པ་དང་འདྲ་ལ། ཡང་དག་པའི་སློབ་གསོ་ནི། བུམ་པའི་ནང་དུ་བདུད་རྩི་བླུགས་པ་དང་ཁྱད་པར་མེད་པསསློབ་གསོ་བཟང་ངན་གྱི་རིན་ཐང་ལ་བསམ་ཏེ། ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཀུན་སྤྱོད་ངན་པ་རྣམས་དོར་ཐབས་མ་མཛད་ན། འབྱུང་འགྱུར་བྱིས་པའི་འཚར་ལོངས་དང་སེམས་ཁམས་ལ་ཕོག་ཐུག་ཤུགས་ཆེན་ཡོང་གི་ཡོད་པས་ལམ་ནོར་ལྡོག་ཤེས་མཛད་དགོས། ཕ་མ་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ཀྱི་བུ་ཕྲུག་བདེ་ཐང་དང་ཤེས་བྱ་ཡོན་ཏན་ཅན། ཡ་རབས་ཚུལ་ལྡན་ཞིག་ཡོང་བར་རེ་སྒུག་བྱེད་མཁན་ཤ་སྟག་ཡིན་ན་དང་པོ་ཕ་མ་རྣམས་ཀྱིས་རང་ཉིད་ནས་འགོ་བརྩམས་ཏེ། རང་གི་རང་ལ་རེ་བ་ནན་པོ་དང་།བྱིས་པའི་བཟའ་བཏུང་དང་གྱོན་ཆས་སོགས་འཚོ་བའི་དགོས་མཁོ་གཅིག་པུ་མ་ཡིན་པར། བྱིས་པའི་སེམས་ཁམས་ལ་བསྟུན་གང་ལེགས་ངང་བྱིས་པའི་དགའ་ཕྱོགས་དང་བྱིས་པའི་སེམས་ཁམས་ཀྱི་འཆར་ཡན། ཡ་མཚན་གྱི་འཇིག་རྟེན་གོ་ལའི་ནང་བྱིས་པའི་ཤེས་འདོད་ཀྱི་བྱ་དངོས་ལ་འབྲེལ་འདྲིས་གང་ཟབ་གནང་དགོས།

གང་ལགས་ཤེ་ན། བྱིས་པ་ཆུང་ཆུང་གི་སེམས་ཁམས་ནི་རང་གི་དབང་པོ་ལྔའི་སྤྱོད་ཡུལ་གྱི་བྱ་དངོས་ཇེ་མང་དུ་འཕེལ་བ་དང་། དེ་ལ་ཡ་མཚན་དང་རིམ་བཞིན་དེ་དག་ཤེས་འདོད་ཀྱི་བསམ་བློ་དང་། དེ་དང་འབྲེལ་བའི་དྲི་བ་མང་པོ་ང་ཚོར་སྐད་ཆ་འདྲི་བཞིན་ཡོད་པས་ང་ཚོས་དེ་དག་ལ་ངང་རྒྱུད་རིང་པོས་དྲིས་ལན་མ་བཏབ་པའམ་སྣང་ཆུང་དུ་བཞག་ན་བྱིས་པའི་སེམས་ཁམས་ལ་ཕོག་ཐུག་གམ་ཤུགས་རྐྱེན་གྱི་བག་ཆགས་ངན་པ་བྱུང་སྟེ། བྱིས་པས་ཕྱིས་སུ་ཕ་མ་སོགས་ལ་རང་གི་མི་ཤེས་པའི་གནས་ཚུལ་སྐད་ཆ་འདྲི་རྒྱུ་ཇེ་ཉུང་དང་། ཕ་མ་དང་འབྲེལ་གཏུགས་ཕན་ཚུན་བསྟུན་མཁས་སོགས་ཡོང་ཐུབ་ཀྱི་མེད། ད་དུང་བྱིས་པ་ཆུང་དུས་ཀྱི་སེམས་ཁམས་ནི་ངོ་མཚར་གྱི་འཇིག་རྟེན་ཞིག་དང་ཁྱད་པར་མེད་པ་ལྟར་ཁོ་ཚོའི་སེམས་ཁམས་ཀྱི་དགའ་ཕྱོགས་ཀྱང་། དེ་དང་འདྲ་བའི་གཏམ་རྒྱུད་ངོ་མཚར་ཅན་ཉན་རྒྱུ་དང་ངོ་མཚར་ཅན་གྱི་བརྙན་འཕྲིན་འགུལ་རིས་སོགས་ལ་ཧ་ཅང་དགའ་པོ་ཡོད་སྟབས་ང་ཚོས་ཁོ་ཚོའི་དགའ་ཕྱོགས་ལ་བརྩི་འཇོག་མཛད་དགོས་པ་ལས་བྱིས་པའི་སེམས་ཁམས་ལ་ཕོག་ཐུག་གཏོང་མི་ཉན།

ཡིད་ཕམ་དགོས་པ་ཞིག་ལ། དེང་གི་དུས་སུ་བཟའ་ཚང་ཁ་བྲལ་མཁན་མང་བས་བུ་ཕྲུག་ཀྱང་ཕ་ཡར་མ་ཡར་དུ་འགྱུར་བའི་གྲངས་འབོར་ཉུང་ཉུང་མ་ཡིན།  ཁོར་ཡུག་གི་གནས་སྟངས་དེ་འདྲའི་འོག་ཕ་མ་མང་པོས་ཁོ་ཚོའི་བར་གྱི་འཁོན་འགྲས་དང་། འགལ་ཟླ་ཡིད་ལ་བཟུང་སྟེ། བུ་ཕྲུག་གི་སེམས་ཁམས་ལ་བག་ཆགས་ངན་པ་བཟོ་བཞིན་འདུག དཔེར་ན། བཟའ་ཚང་ཁ་བྲལ་དུ་སོང་རྗེས་ཕ་མ་གཉིས་ལ་བུ་ཕྲུག་གཉིས་ཡོད་པའི་དབང་དུ་བཏང་ན་ཕྲུ་གུ་གཅིག་ཨ་མས་གསོ་སྐྱོང་དང་། ཕྲུ་གུ་གཅིག་ཕས་གསོ་སྐྱོང་བྱེད་པའི་འགྲོ་ལུགས་ལྟ་བུ་ཞིག་ཆགས་ཡོད་ཅིང་། ཨ་མས་གསོ་སྐྱོང་བྱེད་པའི་བུ་ཕྲུག་ལ་ཨ་མས་རྟག་ཏུ་སློབ་གསོ་ངན་པ། རང་གི་ཨ་ཕ་མི་མ་རབས་ཐ་ཤལ་ཡིན་ཚུལ། དེ་དང་འབྲེལ་བ་གཅོད་དགོས་ལུགས་ཀྱི་སློབ་གསོ་གཏོང་བ་དང་། ཨ་ཕས་གསོ་སྐྱོང་བྱ་ཡུལ་གྱི་ཕྲུ་གུ་ལ་ཨ་ཕས་རྟག་ཏུ་རང་གི་ཨ་མ་མ་རབས་སྤྱོད་ངན་ཡིན་ལུགས་རྒྱུ་མཚན་མང་པོ་དྲངས་ཏེ།  དེ་དང་འབྲེལ་བ་བྱེད་མི་རུང་བ་སོགས་ཀྱི་སློབ་གསོ་རྒྱབ་ཏེ། བྱིས་པའི་སེམས་ཁམས་ནག་ནོག་ཏུ་བསྒྱུར་བཞིན་ཡོད། ཁ་བྲལ་དུ་སོང་བའི་ཕ་མ་ལ་ཕྲུ་གུ་གཅིག་ལས་མེད་ན། ཕ་མ་གཉིས་ཀས་དོན་དམ་བྱིས་པའི་སེམས་ཁམས་ལ་བསམ་གཞིགས་མེད་པར་གཅིག་ལས་གཅིག་ལྷག་གི་འགྲན་རྩོད་ངང་བྱིས་པ་ལང་ཤོར་དང་ཚུལ་མིན་གྱི་ལམ་ལོག་ཏུ་བཅུག་བཞིན་ཡོད། ང་ཚོས་དངོས་ཡོད་ཀྱི་གནས་ཚུལ་དེ་དག་ལ་དཔྱད་པ་གང་ལེགས་ངང་ཕྲུ་གུའི་འབྱུང་འགྱུར་གྱི་མདུན་ལམ་ལ་འགན་འཁྲི་ཟབ་མོ་ཞིག་འཁྱེར་དགོས། བྱིས་པའི་ནོར་འཁྲུལ་མང་ཆེ་བ་ནི་ཕ་མའི་ནོར་འཁྲུལ་ཡིན་ལ། ཕ་མས་རྣམ་ཀུན་རང་ཉིད་ཀྱི་བྱིས་པར་ཤུགས་རྐྱེན་ངན་པ་བཟོས་པའི་མཇུག་འབྲས་ཡིན། ཕ་མ་མང་པོས་བྱིས་པའི་གཞན་ཕན་ལྷག་བསམ་གྱི་རིན་བྲལ་བསམ་བློར་བག་ཆགས་ངན་པ་བཟོ་བཞིན་ཡོད་དེ་བྱིས་པ་ཆུང་ཆུང་མང་པོའི་ལྷན་སྐྱེས་ཀྱི་སེམས་ཁམས་ནང་གཞན་ཕན་སྙིང་རྗེ་དང་།གཅིག་ཕན་གཅིག་རོགས་ཀྱི་བསམ་བློ་ཡོད་ཅིང་། རང་ཉིད་ཀྱི་བཟའ་བཏུང་རྔན་པ་སོགས་བྱིས་པ་ཕན་ཚུན་བགོ་བཤའ་རྒྱག་པ། སློབ་སྦྱོང་གི་ཡོ་བྱད་སོགས་གཞན་ལ་གཡར་གཏོང་བ་སོགས་སུས་ཀྱང་མ་བསླབ་ཀྱང་མ་བསྐུལ་དང་བླངས་ངང་ཡ་རབས་ཀྱི་ལམ་ལ་ཞུགས་བཞིན་ཡོད་ཀྱང་ཕ་མ་མང་པོས་དེ་དག་ལ་བཀག་འགོག་དང་གཞན་ལ་རྔན་པ་སྟེར་མི་རུང་བ། སློབ་སྦྱོང་ཡོ་བྱད་གཡར་མི་རུང་བ་སོགས་ཀྱི་སློབ་གསོ་ངན་པ་སྐྱོན་བཞིན་ཡོད། དེ་ལྟ་བུའི་ཕ་མ་རྣམས་ཀྱིས་ཕྱོགས་གཅིག་ནས་རང་གི་བུ་ཕྲུག་རྣམས་སྤྱོད་ཡོན་གཉིས་ལྡན་དང་གཞན་ཕན་ལྷག་བསམ་གྱིས་ཕྱུག་པའི་མི་སྣ་ཞིག་ཆགས་ཐུབ་པའི་རེ་བ་བྱེད་བཞིན།  ཕྱོགས་གཅིག་ནས་དེ་ལྟར་ཡོང་རྒྱུར་བཀག་འགོག་བྱེད་པ་དང་ཁྱད་པར་གཏན་ནས་མི་འདུག།

བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་དང་། ཡང་དག་པའི་སློབ་གསོ་ཞིག་ཡོང་ཐབས་སུ། ཕ་མས་རྒྱུན་དུ་ཕྲུ་གུའི་སེམས་ཁམས་སུ་མི་ཚེའི་རིན་ཐང་གི་ལྟ་བ་དང་། ཡ་རབས་དྲང་བདེན་གྱི་ཚུལ་ལྡན་ཀུན་སྤྱོད་སློབ་དགོས་ལ། ཕ་མ་རང་ཉིད་ནས་ཀྱང་དེ་དག་གི་ལམ་དུ་ཞུགས་དགོས། དེ་ལྟར་མཛད་ཐུབ་ན།  བུ་ཕྲུག་གི་མདུན་ལམ་དང་འབྱུང་འགྱུར་གྱི་མི་ཚེ་དོན་ལྡན་ཡོང་རྒྱུར་ཕན་འབྲས་ངེས་ཅན་ཐོན་ངེས་ཡིན། གངས་ཅན་ལྗོངས་འདིར་བྱིས་པའི་སེམས་ཁམས་སློབ་གསོའི་སྐོར་ས་སྐྱ་ལེགས་བཤད་དང་ཁ་ཆེ་ཕ་ལུ། གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག ཆུ་ཤིང་བསྟན་བཅོས།  རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་མང་དུ་ཡོད་ཅིང་། དོན་གཉེར་ཅན་རྣམས་ཀྱིས་དེ་དག་ལ་གཟིགས་ཏེ་བྱིས་པར་སློབ་གསོ་བསྐྱོན་ན། འབྱུང་འགྱུར་ཁོ་ཚོའི་འཚར་ལོངས་དང་། མི་ཚེའི་མདུན་ལམ་ལ་ཕན་འབྲས་ཡོང་ངེས་ཡིན།

བོད་ཡུལ་ཁྱོན་ཡོངས་ལ་ཆ་མཚོན་ན་གྲོང་ཁྱེར་ནང་དུ་འཚར་ལོངས་བྱེད་བཞིན་པའི་བྱིས་པ་དང་། ཁྱིམ་ཚང་ཆ་རྐྱེན་ལེགས་པའི་བྱིས་པ་རྣམས་ཀྱི་སེམས་ཁམས་ཀྱི་ལྟ་ཚུལ། གཞན་ལ་བསྟུན་མཁས་དང་བསམ་ཤེས། རྒན་རབས་ལ་བརྩི་བཀུར། གཞན་ཕན། རང་སྟོབས་ཀྱི་བྱ་དངོས་ལ་འབྲེལ་འདྲིས་སོགས་ཀྱི་ནུས་པ་རྣམས་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་ལས་ཅུང་ཞན་པའི་གནས་སྟངས་ཤིག་ཏུ་ཆགས་ཡོང་གི་འདུག  དེ་དག་གི་རྒྱུ་རྐྱེན་གཙོ་བོ་འབྱོར་བདག་གི་ཁྱིམ་ཚང་ཁོར་ཡུག་ནང་ཕ་མའི་བསམ་བློའི་གནས་སྟངས་དང་རྣམ་ཀུན་གྱི་འཚོ་བའི་ཁྲོད་མི་དང་མིའི་དབར་གྱི་འབྲེལ་ལམ་འདུ་ཤེས་སོགས་གཞན་ལ་ཡིད་ཆེས་ཉུང་བ།  འཚོ་བའི་འགྲན་རྩོད། རང་མཐོང་དང་རང་ཤེད་ཅན་གྱི་བསམ་བློ་གུ་དོག་སོགས་ལས་བྱིས་པར་ཤུགས་རྐྱེན་ཐེབས་པའི་རྐྱེན་ལས་བྱུང་བ་ཡིན་ནོ།

ད་དུང་གྲོང་ཁྱེར་ནང་གི་ཕ་མ་མང་པོས་རྒྱུན་དུ་བུ་ཕྲུག་ལ་སྐད་ཆ་ཤོད་སྐབས་རང་གི་ཕ་སྐད་གཙང་མ་རྒྱབ་ཏུ་སྐྱུར་ཏེ་ར་མིན་ལུག་མིན་གྱི་སྐད་ཡིག་བསྲེས་ཏེ་བུ་ཕྲུག་གི་མ་འོངས་འཚོ་བའི་ནང་སྐད་ཆ་ཤོད་སྟངས་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་འདུག  ཕ་མ་རྣམས་ནས་རྣམ་ཀུན་ཁྱིམ་ཚང་གི་ཁོར་ཡུག་ནང་བྱིས་པའི་སེམས་ཁམས་དང་སློབ་གསོར་བག་ཆགས་ངན་པ་དང་ཤུགས་རྐྱེན་ངན་པ་མི་ཡོང་བའི་ཐབས་ལམ་ལ་འབད་ཐབས་མཛད་དགོས། དེ་ཡང་ཨ་རིའི་ཆེད་ལས་མཁས་པས་ཕྲུ་གུར་ཤུགས་རྐྱེན་ཐེབས་ཆེ་བའི་ཁྱིམ་ཚང་གི་བྱ་སྤྱོད་ཕྱོགས་བསྡུས་བྱས་པ་ལྟར་ན། ༡ ཕྲུ་གུ་ཡོད་སར་ཕ་མ་གཉིས་ཁ་རྩོད་རྒྱག་མི་ཉན། ༢ རང་གཞན་གྱི་ཕྲུ་གུ་ཚང་མར་བཏང་སྙོམས་ཀྱི་བྱམས་བརྩེ་དང་ཤ་ཚ་གནང་དགོས་པ། ༣ ཕ་མ་གཉིས་དབར་ཕན་ཚུན་བག་ཡོད་ཁེངས་སྐྱུངས་ཀྱི་བསམ་ཤེས་ཡོད་དགོས། ༤ ཕ་མས་རྒྱུན་དུ་ཕྲུ་གུར་རྫུན་ཤོད་མི་ཉན་པ། ༥ ཕ་མ་དང་ཕྲུ་གུའི་དབར་མཛའ་མཐུན་བསྲེས་ལྷད་མེད་པའི་འབྲེལ་བ་རྒྱུན་འཛིན་བྱེད་དགོས་པ། ༦ ཕྲུ་གུའི་གྲོགས་པོ་དང་མགྲོན་པོ་ཡོང་དུས་ཕ་མས་དགའ་བསུའི་རྣམ་འགྱུར་སྟོན་དགོས། ༧ ཕྲུ་གུས་སྟོན་པའི་དོགས་གནད་ལ་ཕ་མས་གང་ཐུབ་ཀྱི་ལན་འདེབས་དགོས། ༨ ཕྲུ་གུའི་གྲོགས་པོའི་མདུན་དུ་ཕ་མས་རང་གི་ཕྲུ་གུའི་སྐྱོན་མཚང་འབྲུ་མི་རུང་། ༩ ཕྲུ་གུར་བལྟ་ཞིབ་དང་ཕྲུ་གུའི་ལེགས་ཆར་བསྟོད་བསྔགས་བྱེད་དགོས་པ་ལས་ཕྲུ་གུའི་སྐྱོན་ཆར་ནན་བཤད་ཐལ་དྲག་རྒྱུ་མེད་པ། ༡༠ ཕྲུ་གུར་འཛིན་པའི་བརྩེ་བ་བརྟན་པོ་དགོས་པ་ལས་ཕྲུ་གུས་ནོར་འཁྲུལ་བྱུང་ཚེ་ལམ་སེང་རླུང་ལངས་མི་ཉན་པ་སོགས་ལ་སྣང་ཆུང་མ་མཛད་པར་ཡིད་གཟབ་མ་གནང་ཚེ་བྱིས་པའི་བདེ་ཐང་སློབ་གསོར་ཤུགས་རྐྱེན་ངན་པ་ཆགས་ཀྱི་ཡོད།

ང་ཚོ་རང་ཉིད་ཀྱང་བྱིས་པ་ནས་འཚར་ལོངས་བྱུང་བ་ཡིན་པས། ང་ཚོས་འདས་ཟིན་པའི་བྱིས་པའི་འཚོ་བ་ལ་རྗེས་དྲན་དང་། ཉམས་མྱོང་གི་སློབ་གསོ་ཡང་དག་རྣམས་སྙིགས་དོར་བཅུད་ལེན་ངང་འཚར་ལོངས་ཡོང་བཞིན་པའི་བྱིས་པར་ལམ་སྟོན་མཛད་དགོས། མདོར་ན་སྤྱིར་བུ་ཕྲུག་གི་མདུན་ལམ་དང་བྱེ་བྲག་ཁྱིམ་ཚང་། སྤྱི་ཚོགས། རྒྱལ་ཁབ། འཛམ་གླིང་ཧྲིལ་པོའི་མ་འོངས་པའི་ཆེད་དུ་ང་ཚོས་ཕྱོགས་ཡོངས་ནས་བྱིས་པའི་བདེ་ཐང་འཚར་ལོངས་དང་། སེམས་ཁམས་སློབ་གསོར་ཤུགས་སྣོན་རྒྱབ་སྟེ། བྱིས་པའི་མི་ཚེ་ཧྲིལ་པོ་རིན་ཐང་ཅན་དང་དོན་སྙིང་ཅན་དུ་འགྱུར་ཐབས་སུ་སྲི་ཞུ་སྒྲུབ་དགོས།

བསྐྱར་བཅོས།: ༢༠༡༨/༠༥/༢༥

Leave a Reply