ཨ་རིའི་ནུས་སྟོབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་བྱང་ཀོ་རི་ཡའི་ཐོག་འཕེན་མི་དགོས་པའི་སྨོན་ལམ་རྒྱག་གི་ཡོད་ཟེར།

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་སེང་གྷ་པོར་ནང་ཐུག་རྒྱུ་བྱས་པ་དེ་ཊོམ་ཕུས་རྩིས་མེད་བཏང་འདུག

ཕྱི་ཚེས་ ༢༤ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨན་ལ་འཕྲིན་ཡིག་ཅིག་བསྐུར་ཏེ། ཨ་བྱང་གཉིས་ཀྱི་མགོ་འཁྲིད་གཉིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སེང་གྷ་པོར་ནང་ཐུག་འཕྲད་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་། ཚོགས་འདུའི་ལྟ་གོན་དང་ཕན་ཚུན་གྲོས་གཞི་གྲོས་འཆར་ཆེད་སིང་གྷ་པོར་དུ་ཡོད་པའི་གཞུང་ཚབ་གཉིས་ཐུག་འཕྲད་བྱ་རྒྱུ་བྱས་ཡོད་ཀྱང་། ལྟ་གོན་བྱེད་པར་བྱང་ཀོ་རི་ཡའི་གཞུང་ཚབ་བསླེབས་མེད་པ་དང་། བྱང་ཀོ་རི་ཡ་གཞུང་ནས་ལྷག་བསམ་བརྟན་པོ་མེད་པ་མ་ཟད། ཚིག་མཚོན་མང་པོ་འཕངས་ཡོད་པར་བརྗོད་དེ་ཐུག་འཕྲད་རྩིས་མེད་བཏང་ཡོད་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་གཞོན་པས་བྱང་ཀོ་རི་ཡ་ཡང་ལི་བྷི་ཡ་དང་འདྲ་བར་ནམ་ཞིག་མཇུག་སྒྲིལ་ངེས་པ་བརྗོད་པར། བྱང་ཀོ་རི་ཡའི་མགྲིན་ཚབ་པ་དང་ལོ་བཅུ་ཕྲག་རིང་ཨ་བྱང་གི་ཕྱི་སྲིད་གནད་དོན་ཐོག་ལས་ཀ་བྱས་མྱོང་མཁན་ལྕམ་ཆོ་སོན་ཧུཡེ་ (Choe Son-hui) ཡིས་དེ་ནི་གླེན་པའི་སྐད་ཆ་ཡིན་པ་དང་། ལི་བྷི་ཡའི་སྲིད་དབང་སྒེར་འཛིན་པ་གྷ་དྷ་ཧྥི་ཡིས་རང་ཉིད་ནུབ་ཕྱོགས་པའི་རོགས་རམ་དང་སྐུལ་འདེད་བྱས་པའི་ངོ་ལོག་པ་ཚོའི་ལག་འོག་ནས་འཆི་འདོད་དེ། ལི་བྷི་ཡས་རྒྱ་སྐྱེད་བཞིན་པའི་རྡུལ་ཕྲན་མཚོན་ཆ་རྣམས་མཚམས་འཇོག་བྱས་ཡོད་ཀྱང་། བྱང་ཀོ་རི་ཡ་ནི་ལི་བྷི་ཡ་དང་མི་འདྲ་བར་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཚད་མཐོ་ཡིན་པ་མ་ཟད། རྒྱལ་ཁབ་དང་གཞུང་འཛིན་ལ་ཉེན་ཁ་ཆེ་བའི་ཞི་བའི་ལས་སྒོ་གང་གི་ནང་དུའང་ཞུགས་རྒྱུ་མིན་ལུགས་དང་། བྱང་ཀོ་རི་ཡས་ཨ་རི་ལ་གྲོས་མོལ་བྱེད་དགོས་ཞེས་ཞུ་བ་འཐེན་མི་སྲིད་པ་དང་། གལ་ཏེ་ཕྱོགས་གཉིས་ཀྱི་ཕྱི་སྲིད་ལས་དོན་ཡག་པོ་མ་བྱུང་བ་ཡིན་ན་རྡུལ་ཕྲན་མཚོན་ཆ་སྤྱོད་ངེས་པའི་ཉེན་བརྡའང་བཏང་ཡོད་འདུག

བྱང་ཀོ་རིའི་མགྲིན་ཚབ་པས་དེ་ནི་འགྱོད་པ་སྐྱེས་གཞི་ཞིག་ཡིན་ལ། མ་འོངས་པར་ཨ་རི་དང་ལྷན་དུ་དུས་དང་རྣམ་པ་གང་འདྲ་ཞིག་ཐོག་ནས་ཡིན་ཡང་ཐུག་འཕྲད་བྱེད་པའི་གྲ་སྒྲིག་ཡོད་ལུགས་བརྗོད་འདུག་ལ། ཌོ་ནལ་ཊོམ་ཕུ་ཡི་ཐག་གཅོད་ཕྱིར་བསྒྲགས་མ་བྱས་གོང་གི་ཆུ་ཚོད་འགའི་སྔོན་ལ། བྱང་ཀོ་རི་ཡའི་ངོས་ནས་ཐུག་འཕྲད་ཀྱི་དམ་བཅའ་མ་ཤོར་བར་བསྡད་ཡོད་པ་མ་ཟད། ཉིན་ཤས་གོང་དུ་བྱང་ཀོ་རི་ཡ་ཕྱོགས་ནས་ཡུལ་དེའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ལྟེ་གནས་ཆེ་ཤོས་ཤིག་རྩ་མེད་བཟོས་ཡོད་པའི་གནས་ཚུལ་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

ཊོམ་ཕུས་ཀེམ་ཇོང་ཨན་ལ་བཏང་བའི་འཕྲིན་ཡིག་གི་ནང་དུ། ཕྱོགས་གཉིས་ཀའི་ཡུན་རིང་ནས་ཐབས་ཤེས་བྱས་ཏེ། སིང་གྷ་པོར་དུ་ཕྱི་ཟླ་ ༦ ཚེས་ ༡༢ ལ་དུས་ཆད་ཟིན་པའི་ཐུག་འཕྲད་དེར་ཁྱེད་ཀྱི་ངོས་ནས་བཟོད་སྲན་དང་དུས་ཚོད་བཏང་བ། སྐུ་ངལ་བསྐྱོན་པ་དེར་ང་ཚོས་མཐོང་ཆེན་ཞུ་ཡི་ཡོད། ང་ཚོར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁྱེད་ཚོས་ཐུག་འཕྲད་བྱ་རྒྱུ་ཡིན་པའི་རེ་སྐུལ་བྱས་པ་རེད་ཟེར་གྱི་འདུག་ཀྱང་། དེ་ནི་ཁུངས་ལུང་མེད་པའི་སྐད་ཆ་ཞིག་རེད། ངས་གནས་དེར་ཁྱེད་དང་ཐུག་འཕྲད་བྱེད་པར་སྒུག་ནས་བསྡད་ཡོད། ཡིད་སྐྱོ་བ་ཞིག་ལ་ཁྱེད་ཀྱི་ཉེ་ཆར་གྱི་བསྒྲགས་གཏམ་ནང་དུ་ཁོང་ཁྲོ་དང་དགྲར་འཛིན་གྱི་རྣམ་པ་ཚད་མེད་པ་མངོན་འདུག་པས། ད་ལྟའི་ཆར་ཡུན་རིང་ནས་འཆར་གཞི་བཟོས་པའི་ཐུག་འཕྲད་འདི་ངས་འོས་འཚམ་མེད་པ་ཞིག་ཏུ་ཚོར་གྱི་འདུག དེར་བརྟེན་འཕྲིན་ཡིག་འདི་བསྐུར་ཏེ་ངེད་གཉིས་ཀྱི་ཐུག་འཕྲད་རྩིས་མེད་བཏང་བར་ངོས་འཛིན་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཐག་གཅོད་འདི་ནི་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ལེགས་པོ་ཡོང་བའི་ཆེད་དུ་ཡིན་ཡང་། འཛམ་གླིང་ལ་ཆག་སྒོ་སློང་བའི་རྐྱེན་ཞིག་རེད། ཁྱེད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ནུས་སྟོབས་སྐོར་ལ་སྐད་ཆ་བཤད་ཀྱིན་འདུག འོན་ཀྱང་ང་ཚོའི་རྡུལ་ཕྲན་མཚོན་ཆ་ཧ་ཅང་ཆེ་ལ་ནུས་སྟོབས་ཆེ་བས། ངས་དཀོན་མཆོག་ལ་འདི་དག་བེད་སྤྱོད་བྱེད་མི་དགོས་པའི་སྨོན་ལམ་རྒྱག་བཞིན་ཡོད།

དེ་སྔོན་ངས་ངེད་གཉིས་བར་དུ་གྲོས་མོལ་ལྷུག་པོ་བྱུང་བཞིན་པ་ཚོར་བྱུང་བ་དང་། མཐར་ཐུག་ན་ཐམས་ཅད་གྲོས་མོལ་ལ་རག་ལས་ཡོད་སྟབས། ཉིན་ཞིག་ཁྱེད་དང་ཐུག་འཕྲད་ཐུབ་པའི་ཐབས་ཤེས་བྱེད་ཀྱིན་ཡོད། དེ་དང་ལྷན་དུ་ཁྱེད་ཀྱིས་ཨ་རིའི་མི་གཏའ་མར་ཉར་བ་དག་ཀློད་གྲོལ་བཏང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཁོང་རྣམས་ད་ཆ་ཁྱིམ་དུ་ནང་མི་དང་ལྷན་དུ་བསྡད་ཡོད་པ་རེད། བྱེད་ཕྱོགས་དེ་ནི་ཡིད་དུ་འོང་བ་ཞིག་རེད་ལ་ཆེ་མཐོང་ཞུ་ཡི་ཡོད།

གལ་ཏེ་ཐུག་འཕྲད་གལ་ཆེན་འདིའི་ཐད་ཁྱེད་ཀྱི་དགོངས་འཆར་ལ་འགྱུར་བ་ཐེབས་པ་ཡིན་ན། ང་ལ་ཁ་པར་གཏོང་བའམ་འཕྲིན་ཡིག་གཏོང་རྒྱུར་ཐེ་ཚོམ་གཏན་ནས་གནང་མི་དགོས། ད་ལན་འཛམ་གླིང་སྤྱི་དང་ཡང་སྒོས་བྱང་ཀོ་རི་ཡ་ལ་གཏན་དུ་ཞི་བདེ་དང་། རླབས་ཆེ་བའི་དཔལ་ཡོན་ཐོབ་པའི་གོ་སྐབས་ཆེན་པོ་ཞིག་ཤོར་བ་རེད། གོ་སྐབས་ཆེན་པོ་འདི་ཤོར་བ་ནི་ལོ་རྒྱུས་ཀྱི་ནང་དུ་སྐྱོ་འོས་པའི་དུས་སྐབས་ཤིག་གཏན་གཏན་རེད། ཅེས་བརྗོད་ཡོད་པ་རེད།

སྲིད་འཛིན་ཊོམ་ཕུ་ལགས་ནི་ཨ་རིའི་སྲིད་འཛིན་གྱི་ནང་ནས་བྱང་ཀོ་རི་ཡ་ལྷན་དུ་ཐུག་འཕྲད་གྲོས་མོལ་བྱེད་པར་འབད་བརྩོན་གནང་མཁན་ཐོག་མ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ལྷོ་བྱང་ཀོ་རི་ཡ་གཉིས་ཀས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུར་ཤུགས་གནོན་རྒྱག་པའི་གྲོས་མོལ་བྱུང་བ་དང་། དེའི་རྗེས་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇེ་ཨིན་གྱིས་བྱང་ཀོ་རི་ཡ་གཞུང་ནས་རྡུལ་ཕྲན་མཚོན་ཆའི་སྐོར་ལ་གྲོས་མོལ་བྱེད་པའི་གྲ་སྒྲིག་ཡོད་ལུགས་ཀྱི་གནས་ཚུལ་ཨ་རིའི་གཞུང་ལ་ཡར་ཞུ་བྱས་ཡོད་པ་རེད། འོན་ཀྱང་།  ཊོམ་ཕུའི་བསྒྲགས་གཏམ་མ་སྤེལ་གོང་དུ་ཁོང་གིས་གནས་ཚུལ་དེ་གོ་ཐོས་བྱུང་མེད་པ་དང་། ཐུག་འཕྲད་མ་བྱུང་བ་དེ་ནི་འགྱོད་གཞི་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༥/༢༥

Leave a Reply

One thought on “ཨ་རིའི་ནུས་སྟོབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་བྱང་ཀོ་རི་ཡའི་ཐོག་འཕེན་མི་དགོས་པའི་སྨོན་ལམ་རྒྱག་གི་ཡོད་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཕོ་རབས་ཐུག་དུས་ཡུལ་ལུང་བདེ་ལ་བཀོད་།
    ཕོ་འབྲིང་ཐུག་དུས་སྡེ་གཉིས་གྲོགས་ལ་བཀུག་།
    ཕོ་མཐའ་མ་ཐུག་དུས་ཡུལ་ལུང་སྡུག་ལ་སྦྱར་།