དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་ལོག་ལ་གོ་ནོར་མི་ཐེབས་པའི་གདེང་ཚོད་རྙེད་པ་བྱོས།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་སྟེང་རྒྱ་རིགས་༦༠ ལྷག་གིས་ཚང་མས་ཐུན་མོང་ཐོག་མིང་དོན་མཚུངས་པའི་དམངས་གཙོ་དང་རང་དབང་། ཞི་བདེ་ལྡན་པ་བཅས་ཀྱི་དར་ཤིང་རྒྱས་པའི་བོད་ལྗོངས་ཤིག་འཛུགས་ཐུབ་པའི་རེ་བྱེད་བཞིན་ཡོད་སྐོར་གྱི་དགོངས་འཆར་བསྒྲགས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༩ པའི་སྟེང་དྷ་ས་ཟློས་གར་ཚོགས་ཁང་དུ། ཉིན་ ༦ རིང་ཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། དམིགས་བསལ་སྐུ་མགྲོན་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་བློན་ཆེན་ཟུར་པ་སྐུ་ཞབས་མན་ཀོ་ཀྲི་ཡ་ལགས་དང་ཨ་རིར་གནས་སྡོད་རྒྱ་རིགས་སློབ་དཔོན་ཆེན་མོ་ཤཱ་མིང་ལགས། དེ་བཞིན་གནས་ཆུང་སྐུ་རྟེན་དང་བོད་མི་མང་སྤྱི་འཐུས་ཟུར་པ་དང་ལས་ཐོག་པ། གཞན་ཡང་ས་གནས་ཁག་ ༣༠ ནས་ཚོགས་བཅར་བ་ ༤༠༠ ལྷག་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༢༠ ལྷག་འཛོམས་འདུག

ཚོགས་འདུའི་ཐོག་མར་སྐུ་མགྲོན་གཙོ་བོ་ལགས་ནས་སྣང་གསལ་མར་མེ་ཞལ་འབྱེད་དང་ཚོགས་བཅར་བ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་བ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་མཛད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་གནང་བའི་བཀའ་སློབ་བརྙན་ཐུང་ཞིག་གཟིགས་འབུལ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་དང་གནད་ཡོད་མི་སྣའི་དབུ་མའི་ལམ་གྱི་ཚོགས་ཆེན་ལ་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱངས། ཨ་རིའི་མི་ཎི་སོ་ཏའི་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ནས་ཚོགས་བཅར་བ་རྣམ་ལ་ཕེབས་བསུའི་གཏམ་བཤད་བཅས་གནང་སོང་།

དེའི་རྗེས་དབུ་མའི་ལམ་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུ་དེ་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་གསུང་སྐབས། རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་ཐེངས་དང་པོ་འདི་བཞིན་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པ་ཙམ་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མཁྱེན་ལྡན་ཁག་ཅིག་དང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་མེ་ནི་སོ་ཌར་གནས་འཁོད་དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་ཀྱི་མགོ་ལས་ལྷན་རྒྱས་ཀྱིས་ཡུན་རིང་བསམ་ཞིབ་གྲོས་བསྡུར་བརྒྱུད་ཚོགས་ཆེན་འདི་འདྲ་ཞིག་སྐོང་དགོས་པ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་སྟེ། ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༦ ནས་༣༡ བར་ཚོགས་གཏན་འཁེལ་ཡོད་པ་རེད། ཅེས་བརྗོད་སོང་།

གཞན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་སོགས་གཏོང་བཞིན་ཡོད་ན་ཡང་བོད་མི་ཚོས་སྔར་བཞིན་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་ཐབས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པའི་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་ད་བར་བོད་ཕྱི་ནང་གི་བོད་ཀྱི་དབུ་འཁྲིད་དང་བོད་མི་མང་གིས་དགའ་ཞེན་བྱེད་སའི་མི་སྣ་གྲགས་ཅན། དེ་བཞིན་བོད་རིགས་ལས་བྱེད་སུ་ལའང་སྣང་མེད་དང་དང་དོན་དམ་ཡིད་ཆེས་གནང་གི་མེད་པ་ནི་ཧ་ཅང་ནོར་འཁྲུལ་ཅན་གྱི་ལངས་ཕྱོགས་ཐབས་རྡུག་ཅིག་རེད། ཇི་ཙམ་གཞན་གྱི་ཡིད་ཆེས་སྣང་མེད་དུ་བཏང་ན་དེའི་ཚོད་ཀྱིས་རང་ཉིད་རུལ་སུངས་ཆགས་ཀྱི་ཡོད། བོད་མི་རིགས་ལ་བཙན་གནོན་དང་རྡུང་རྡེག་གསོད་གཏུབ་ཅི་ཙམ་བྱས་ཀྱང་། བོད་མི་ཚོས་ད་དུང་རེ་བ་ཆེན་པོས་འཚེ་མེད་ཞི་བ་ཉག་ཅིག་གི་ལམ་ནས་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་ཐབས་ལ་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད་པ་དེར། རྒྱ་ནག་གཞུང་གིས་རྩ་བ་ནས་སྣང་ཆུང་གཏོང་མི་རུང་ལ། དུས་ཚོད་གཡོལ་ཐབས་སོགས་བྱེད་མི་ཉན་པའི་གནད་དོན་ཞིག་ཆགས་ཡོད། གལ་སྲིད་འདི་མུར་མུ་མཐུད་སྣང་ཆུང་བཏང་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཞལ་འཚོ་བཞུགས་རིང་བོད་ལ་འཛིན་སྐྱོང་གཅིག་གི་རང་སྐྱོང་མ་འཐོབ་ཚེ། དེའི་མཇུག་འབྲས་ནི་བློས་མི་དཔོག་པའི་ཆག་སྒོ་རྐྱང་རྐྱང་ཡིན་པ་མ་ཟད། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁུར་དགོས། བོད་མི་རིགས་ཀྱིས་འཇིག་རྟེན་ཡོངས་ཁྱབ་ཀྱི་ལོ་རྒྱུས་ལྡན་པའི་འོས་འགན་དང་། རྒྱ་བོད་མི་མང་གི་ཕུགས་རིང་གི་མདུན་ལམ་ལ་དགོངས་པ་ཆེར་བཞེས་གནང་བ་མ་གཏོགས། སྡར་མ་རང་མགོ་མི་ཐོན་པ་ཞིག་གཏན་ནས་མིན་པ་དེ་རིང་གི་བརྒྱུད་ལམ་འདི་ནས་རྒྱ་ནག་གཞུང་གི་དབུ་འཁྲིད་ཚོར་ནན་ཞུ་བྱེད་འདོད་བྱུང་། ཞེས་བརྗོད་སོང་།

མཇུག་ཏུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དབུ་མའི་ལམ་ལས་གཞན་མེད་པའི་སྐོར་ལ་ཁོང་གིས། ཕྱོགས་མཚུངས་ཚོགས་བཅར་བ་རྣམས་གཙོས་བོད་མི་རྣམས་ཀྱི་ཐུགས་ལ་གསལ་བོ་ངེས་དགོས་པ་ཞིག་ནི། དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་བོད་མི་རིགས་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་གྲོལ་བར་ལམ་སྟོན་ཡང་དག་ཐུབ་མཁན་གྱི་སྲིད་བྱུས་སམ་ཐབས་ལམ་གཞན་མེད་པ་གནམ་ལངས་ཉི་ཤར་ལྟར་གྱུར་ཡོད། དེ་ནི་རང་བསྟོད་དང་ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མ་ཡིན་པར་དོན་མཐུན་རྒྱུ་མཚན་གྱི་ལམ་ནས་ཐབས་ལམ་གཞན་སྟོན་མཁན་གནམ་སའི་བར་དུ་སྦྲང་སྐད་ཙམ་ཡང་གྲགས་འགུལ་མེད་པ་ཚང་མས་ཤེས་གསལ་ལྟར་ལགས་ན། རང་ཅག་དབུ་མའི་ལམ་ནས་བོད་བསྟན་སྲིད་མི་རིགས་ཀྱི་སྲི་ཞུར་ཞུགས་ཐུབ་པ་འདིས། རང་གིས་རང་ལ་དྲིན་ཆུང་དུ་མ་བཏང་བ་དང་། རང་གིས་རང་གི་རྣམ་དཔྱོད་དངོས་ཡོད་གནས་ཚུལ་ངོས་ཟིན་པའི་ཕྱོགས་སུ་ཁ་བསྒྱུར་ཐུབ་ཡོད་པ་བཅས་མཚོན་ནུས། དེས་ན་ད་ཐེངས་ཚོགས་ཆེན་གྱི་ལས་ཉིན་བརྒྱུད། ཚོགས་བཅར་བ་ཡོངས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་གཏིང་ཟབ་ཇེ་རྙེད་དང་། དེ་སྤྱད་ནས་དམིགས་ཡུལ་དོན་ཐོག་ཏུ་འཁྱོལ་རྒྱུར་ཉིན་མཚན་ཀུན་ཏུ་འབད་བརྩོན་བྱེད་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་ལོག་འགྲེལ་བྱས་པར་མགོ་སྐོར་མི་ཐེབས་པའི་གདེང་ཚོད་ཡོད་ཐུབ་མཁན་ཞིག་ཆགས་རྒྱུར་རེ་བ་ཤིན་ཏུ་ཆེ། ཞེས་བརྗོད་སོང་།

དེའི་རྗེས་རྒྱ་རིགས་སློབ་དཔོན་ཆེན་མོ་ཤཱ་མིང་ལགས་ཀྱིས་གྲོས་འདོན་གནང་ཞིང་རྒྱལ་ཁབ་མི་འདྲ་བ་ ༩ ནས་རྒྱ་རིགས་ ༦༠ ལྷག་གིས་རྒྱབ་སྐྱོར་མིང་རྟགས་བཀོད་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་དང་རྒྱབ་སྐྱོར་གྱི་འབོད་སྒྲ་ཞེས་པའི་དགོངས་འཆར་ཞིག་སྒྲོག་སྦྱངས་གནང་སོང་བའི་ནང་། ཕྱི་ལོ་༡༩༥༩ ལོར་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཆོས་ལུགས་ཀྱི་གནད་ཡོད་མི་སྣ་དང་བོད་མི་མང་པོ་ཞིག་བོད་དང་ཁ་བྲལ་བའི་རྗེས། བོད་མི་བཙན་བྱོལ་བ་ཆགས་ནས་ད་བར་ལོ་རབས་གཅིག་ཕྱིན་པ་རེད། དེ་འདྲའི་བཀྲ་མ་ཤིས་པའི་བགེགས་བར་སེལ་སླད་རྒྱ་བོད་མཉམ་མཐུན་གྱི་ཐབས་ལམ་ཞིག་སྟེ། སྔ་མོ་ཕྱི་ལོ་ ༡༩༧༤ ལོ་ནས་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་འདོན་གནང་མཛད་པ་དང་། དེ་ལ་བོད་མི་མང་སྤྱི་འཐུས་ནས་ངོས་འཛིན་དང་རྒྱབ་སྐྱོར་ཐོབ་ཡོད། མདོར་བསྡུས་ནས་བཤད་ན་དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་མིས་རང་བཙན་མི་རྩོད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་ཀྱི་རང་སྐྱོངས་ཁྲིམས་ལུགས་གཉིས་དང་ཡོངས་སུ་མཚུངས་པའི་དབང་ཆ་རྩོད་ཐབས་ཤིག་ཡིན་སྟབས། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མངོན་འགྱུར་ཡོང་ཐུབ་པ་ཞིག་རེད། ང་ཚོ་རྒྱ་རིགས་ཀྱི་ངོས་ནས་བཤད་ན། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། རྒྱ་བོད་མཉམ་མཐུན་ལ་སྐུལ་འདེད་གཏོང་ཐུབ་པ། ཀྲུང་གོ་འདི་ཉིད་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཐུབ་རྒྱུར་གལ་ཆེའི་ནུས་པ་ལྡན་པ་ཞིག་རེད། དེར་བརྟེན་ང་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་ཐོག་ཀྲུང་གོ་སྲིད་གཞུང་ནས་ཏཱ་ལའི་བླ་མ་མཆོག་གིས་བླ་མེད་ཀྱི་དགོངས་གཞི་དང་། བག་ཡངས་པའི་ཐུགས་གཤིས་ལ་གཅེས་སྤྲས་བྱས་ནས་དོན་དངོས་དང་དྲང་བདེན་གྱི་བརྡ་ལན་ཞིག་སྤྲོད་རྒྱུ་དང་། འགྱུར་ལྡོག་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟུང་ནས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་དང་། གྲོས་མོལ་གྱི་གོ་སྐབས་སླར་གསོ་བརྒྱུད། ཏཱ་ལའི་བླ་མ་མཆོག་དང་ཁོང་གི་རྗེས་སུ་ཕེབས་པའི་བོད་མི་རྣམས་བོད་ལ་ཕྱིར་ལོག་ཐུབ་པ་བྱུང་སྟེ། ཚང་མས་ཐུན་མོང་ཐོག་མིང་དོན་མཚུངས་པའི་དམངས་གཙོ་དང་རང་དབང་། ཞི་བདེ་ལྡན་པ་བཅས་ཀྱི་དར་ཤིང་རྒྱས་པའི་བོད་ལྗོངས་ཤིག་འཛུགས་ཐུབ་པའི་རེ་བྱེད་བཞིན་ཡོད། ཅེས་བསྒྲགས་སོང་།

དམིགས་བསལ་སྐུ་མགྲོན་སྐུ་ཞབས་མན་ཀོ་ཀྲི་ཡ་ལགས་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་པའི་རྒྱ་གར། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་གིས་བོད་དོན་ཆེད་སྟོབས་ཆེན་རྒྱ་ནག་དང་འཐབ་འཁྲུག་བྱེད་མི་སྲིད་པ་དང་། དེ་ལས་ལམ་ཁ་གཞན་དབུ་མའི་ལམ་ཡོད་ཚུལ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མ་འོངས་ང་ཚོ་ལས་ཡག་པོ་མཁྱེན་གྱི་ཡོད་སྟབས། ང་དབུ་མའི་ལམ་གྱི་རྗེས་སུ་འགྲོ་ཡི་ཡིན། དམག་འཁྲུག་བརྒྱབ་ན་ང་ཚོར་ཐོབ་རྒྱུ་གང་ཡང་ཡོད་པ་མ་རེད། ང་ཚོ་ལ་རེ་བ་ཞིག་ཡོད་པ་ནི་འཛམ་གླིང་མི་མང་གི་རྒྱབ་སྐྱོར་ཡོད་པ་དེ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་བོད་རྒྱལ་བཙན་པའི་དུས་སྐབས་སུ་བོད་ཀྱི་མངའ་ཐང་རྒྱ་བསྐྱེད་ཀྱིས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཁྱབ་ཡོད་པ་དང་། དུས་རབས་བཅུ་གསུམ་པའི་ནང་སོག་པོའི་རྒྱལ་བོ་ཀུབ་ལེ་ཁང་གི་དབུ་བླར་ས་སྐྱ་བ་ཆགས་པ། དེ་བཞིན་ཐང་རྒྱལ་རབས་སྐབས་བོད་དེ་རྒྱ་ནག་གི་ཁ་གཏད་གཅོག་ས་གཙོ་བོ་དེ་ཆགས་པ་སོགས་དང་། ལོ་རྒྱུས་ནང་བོད་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་ལ་གནས་སྐབས་རིང་དབང་བསྒྱུར་བྱས་མྱོང་ཡོད་ན་ཡང་། ད་ལྟ་སྟོབས་ཆེན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཡོད་པ་རེད། དེ་ལ་ཐབས་ཤེས་ཤིག་ཡོད་པ་ནི་རྒྱ་ནག་དང་གྲོས་མོལ་བརྒྱུད་གནད་དོན་སེལ་དགོས་ཀྱི་ཡོད་སྐོར་གསུངས་སོང་།མཇུག་ཏུ་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་དོན། དབུ་མའི་ལམ་ནི་མཐའ་གཉིས་སུ་མ་ལྷུང་བ་ལ་ཟེར་དགོས་པ་དང་མཐའ་གཅིག་ནི་རང་བཙན་གཙང་མ་རྩོད་སྒྲུབ་དང་། མཐའ་གཞན་དེ་རྒྱ་ནག་གི་བོད་རང་སྐྱོང་ལྗོངས་དང་རྫོང་། ཁུལ་སོགས་ལ་བགོས་ཡོད་པ་མ་ཟད་བོད་ཀྱི་ས་ཆ་ཁ་ཤས་རྒྱ་ནག་གི་ཞིང་ཆེན་ཁག་ནང་བཞག་ཡོད་པ་དེ་གཉིས་ཀྱི་དབུས་ལ་དབུ་མའི་ལམ་ཟེར་ཀྱི་ཡོད་པ་དང་། འདི་ལྟ་བུའི་དགོངས་འཆར་ནི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་བྱུང་ཡོད་པ་དང་། ཕྱི་ལོ་༡༩༧༤ ལོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སོགས་ལ་བོད་མི་མང་ལ་དོན་དམ་གྱི་བདེ་སྐྱིད་ཅིག་བྱུང་ན། རྒྱ་ནག་འོག་བསྡད་ཀྱང་ཁྱད་པར་མེད་པའི་དགོངས་ཚུལ་བཞེས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབ་གནང་བ་དང་། ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཊ་སི་བྷག་ཞི་བའི་དོན་ཚན་ལྔ་ཡུ་རོབ་གྲོས་ཚོགས་ནང་བཀའ་གནང་པ་རེད། བཀའ་མ་གནང་སྔོན་ནས་གངས་ཅན་སྐྱིད་གཞུང་དུ་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ། ལས་བྱེད་དང་ས་གནས་སྐུ་ཚབ། དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་ནས་གསར་དུ་འབྱོར་བ་ཁག་གི་སྐུ་ཚབ་སོགས་ལ་དམིགས་བསལ་ཚོགས་ཆེན་ཞིག་བསྐུངས་ནས་ཞི་བའི་དོན་ཚན་ལྔ་དེ་ལ་དགོངས་ཚུལ་བཏོན་སྐབས། ཚོགས་བཅར་བ་སུས་ཀྱང་དེ་འགྲིག་གི་མེད་པའི་དགོངས་ཚུལ་གནང་མཁན་བྱུང་མེད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༣༡ ཉིན་བོད་མི་བཙན་བྱོལ་བ་དང་བོད་ནང་གི་ཆོལ་ཁ་གསུམ་ནས་ཞིང་པ་དང་ཚོང་པ་སོགས་སྤྱི་ཚོགས་ཀྱི་གནས་བབ་འདྲ་མིན་གྱི་མི་རྣམས་ལ་གང་ཐུབ་ཀྱིས་འོས་བསྡུ་བྱས་ཏེ། བརྒྱ་ཆ་ ༦༤ ལྷག་ཙམ་གྱིས་དབུ་མའི་ལམ་མུ་མཐུད་དགོས་པའི་མང་མོས་འོས་བསྡུ་བྱུང་བ་སོགས་ཀྱིས་དབུ་མའི་ལམ་ནི་རྒྱ་ཆེ་མི་མང་གི་མངོན་འདོད་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་ཁོང་གིས་དབུ་མ་དང་རང་བཙན་གཉིས་གང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང་དོན་དག་ནི་བོད་ཀྱི་རྩ་དོན་རེད། དེར་བརྟེན་ང་ཚོས་ཁ་གཏོད་ས་དེ་རྒྱ་ནག་གཞུང་ལ་ཕར་ཁ་གཏོད་དགོས་ཀྱི་འདུག་མ་གཏོགས་ནང་ཁུལ་ཁ་གཏད་ནས་རྩོད་པ་བརྒྱབ་ན་ཕན་ཐོགས་གང་ཡང་མི་འདུག ཇི་སྲིད་བོད་རང་དབང་མ་ཐོབ་བར་དུ་དེ་སྲིད་རྡོག་རྩ་གཅིག་ཏུ་སྒྲིལ་ན་ང་ཚོའི་འབྲས་བུ་དེ་མགྱོགས་པོ་འཐོབ་ཀྱི་རེད། ཅེས་བརྗོད་སོང་།

གཞན་ཐེངས་འདིའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་སྟེང་གི་གྲོས་གཞི་ཞེས་པའི་དོན་ཚན་༧ ཅན་གྱི་ཤོག་ལྷེ་ཞིག་བཀྲམས་སོང་བའི་ནང་། གཅིག གངས་རི་ར་བའི་སྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། ཞེས་གསུངས་པ་ལྟར། བོད་མི་རིགས་ཀྱི་འཕྲལ་ཡུན་བདེ་སྐྱིད་ཀྱི་འབྱུང་རྩ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ཡིན་པས། མགོན་པོ་གང་གི་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་ཆེད་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་ཐབས་དང་། བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱ་བའི་ཐབས་དང་ཚུལ་ཞུ་ཕྱོགས་ཇི་དགའི་སྐོར།

གཉིས། དབུ་མའི་ལམ་གྱི་སྲིད་བྱུས་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ལམ་སྟོན་དང་། དེ་ལ་གཞིས་བྱེས་བོད་མི་མང་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་བཞིན། གཞིས་བྱེས་བོད་མིའི་མངོན་འདོད་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་དེ་ལ་བོད་མི་ཕལ་ཆེ་བས་ཡིད་གཉིས་ཐེ་ཚོམས་མེད་པར་ཡིད་ཆེས་རྒྱབ་སྐྱོར་ཡོད་པའི་དངོས་དོན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དང་། མི་མང་། ཕྱི་རྒྱལ་མི་རིགས་རྣམས་ལ་ངོ་སྤྲོད་གསལ་སྟོན་ཞུ་ཕྱོགས་ཇི་དགེའི་སྐོར།

གསུམ། ཆོལ་གསུམ་བོད་རིགས་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་ཡོང་རྒྱུ་དང་། བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་ལས་གཞན་མེད་པ་བོད་མི་སྤྱི་དང་། ཁྱད་པར་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་ནས་སྔར་ལྷག་ངེས་རྙེད་ཐུབ་པ་ཡོང་བའི་ཐབས་ལམ་དང་ཞུ་ཕྱོགས་ཇི་དགེའི་སྐོར།

བཞི། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་བོད་མིའི་གནས་སྡོད་ས་ཁུལ་ཁག་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ལས་རིམ་སྔར་མེད་གསར་འཛུགས་དང་སྔོན་ཡོད་ཚགས་ཚུད་ཡོང་ཐབས། དབུ་མའི་ལམ་གྱི་དབུས་ལས་ཁུངས་ཁག་ནང་གཞོན་སྐྱེས་གང་མང་འབྱུང་ཐབས། རིམ་པས་གཞོན་སྐྱེས་ནས་ལས་འགུལ་གྱི་འགན་ལེན་ཐུབ་པ་ཡོང་ཐབས་བྱེད་ཕྱོགས་ཇི་དགེའི་སྐོར།

ལྔ། བོད་མིའི་གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་རྒྱ་རིགས་སྤྱི་དང་། ཁྱད་པར་རྒྱ་རིགས་སློབ་ཕྲུག་ཚོར་མཛའ་འབྲེལ་གྱིས་ཁོང་ཚོར་གཉིས་སྨན་དབུ་མའི་ལམ་གྱི་ངོ་སྤྲོད་རྒྱུན་སྲིང་བྱེད་ཕྱོགས་དང་། རྒྱལ་སྤྱིའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་སྔར་ལྷག་འབྱུང་ཐབས། བོད་རྒྱ་འབྲེལ་མོལ་མྱུར་དུ་བསྐྱར་གསོ་ཐུབ་ཐབས་མང་ཚོགས་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

དྲུག གཉིས་སྨན་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པའི་མི་མང་ཡོངས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ཏེ་བོད་མིའི་སྒྲིག་འཛུགས་དང་དེའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དབུ་འོག་དཔུང་འདེགས་སྔར་ལྷག་ཞུ་ཕྱོགས་སྐོར་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་རྒྱབ་སྐྱོར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

བདུན། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་འདི་མིང་འགྱུར་བྱ་དགོས་མིན་དང་། དབུ་མའི་ལམ་གྱི་སྒྲིག་གཞི་བསྐྱར་བཅོས་དང་སྣོན་འཕྲི་ཇི་དགོས། སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་ཡར་རྒྱས་གཏོང་ཕྱོགས་དང་རྒྱུན་ལས་གསར་འདེམས་སྐོར། དེ་བཞིན་ལས་འགུལ་འདིའི་ཆེད་དགོས་ངེས་ཀྱི་མཐུན་རྐྱེན་དཔལ་འབྱོར་འདུ་འགོད་བྱེད་ཕྱོགས་སྐོར་བཅས་རེད་འདུག

གསར་འགོད་པ། ཀླུ་མགོན་ཐར་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༧

Leave a Reply

8 thoughts on “དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་ལོག་ལ་གོ་ནོར་མི་ཐེབས་པའི་གདེང་ཚོད་རྙེད་པ་བྱོས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་གྱི་གྲོས་གཞི་དོན་ཚན་བདུན་གྱི་ཐོག་ང་ལ་བསམ་ཚུལ་གང་བྱུང་བ་དེ་རིང་མིན་བོད་ཀྱིས་དུས་བབ་སྟེང་བཀོད་ཆོག་པ་ཞུ་།

  2. འགའ་ཤས་ཀྱི་དབུ་མའི་ལམ་དང་འགའ་ཤས་ཀྱི་རང་བཙན་འདོད་པ་།ཤུགས་གཅིག་ཏུ་སྒྲིལ་ཐུབ་རྒྱུར་དཀའ་ལས་ཁག་པོ་རེད་བཞག

  3. གཞུང་པ་ཚེ་དབང་བསོད་ནམས་།

    ཕོ་འགའ་རེའི་དབུ་ལམ་གླེང་གཞི་འདའ་།
    ཕོ་འགའ་རེའི་རང་བཙན་གླེང་གཞི་འདའ་།
    ཕོ་འགའ་རེའི་རང་དབང་གླེང་གཞི་འདའ་།
    ཕོ་འགའ་རེའི་རང་སྐྱོངས་གླེང་གཞི་འདའ་།
    དོན་ངོ་མ་མདའ་མོ་འབེན་ཁྱོལ་དཀའ་།

  4. འཛུམ་ཤུལ་ཐབས་མཁས།

    དེ་རིང་དུས་བབ་ལ་སྒུག་སྒུག་ནས་འདི་ཙམ་ལས་མི་འདུག
    གསར་འགྱུར་གྱི་ཁྱད་ཆོས་དམིགས་གསལ་བ་ནི་བདེན་པ་དང་མྱུར་མགྱོགས་གཉིས་རེད།
    པར་འཇོག་སྟངས་དེ་འདྲའི་ཐབས་སྡུག་པ་ལ་གོང་ན་མི་གསུམ་ལས་མི་འདུག་གམ།