རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཆ་སྙོམ་གྱིས་སི་ལ་ཀུལ་བོད་ཁྱིམ་ཨང་དང་པོ་རེད།

འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་པའི་སློབ་གྲྭ་ཁག་ ༡༦ གི་ཁྱོན་སློབ་མ་ ༡༢༣༠ མཉམ་ཞུགས་གནང་ཡོད་པའི་ནང་ཡིག་ཚད་མ་ལོན་པའི་སློབ་ཕྲུག་ ༡༡ འདུགའདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་པའི་སློབ་གྲྭ་ཁག་གི་ཚན་རིག་སྡེ་ཚན་གྱི་ཨང་དང་པོ་སི་ལ་ཀུལ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བརྒྱ་ཆ་ ༩༣ དང་། ཨང་གཉིས་པ་སི་ལ་ཀུལ་བོད་ཁྱིམ་གྱི་སློབ་མ་བསོད་ནམས་དཔལ་མོ་ལགས་སུ་བརྒྱ་ཆ་ ༩༡.༢། ཨང་གསུམ་པ་སི་ལ་ཀུལ་བོད་ཁྱིམ་གྱི་སློབ་མ་ལྷ་མོ་(Mutop Lhamo)ལགས་ལ་བརྒྱ་ཆ་ ༩༠.༢། ཚོང་རྩིས་སྡེ་ཚན་གྱི་ཨང་དང་པོ་སྦེལ་ཀེབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་སྟོབས་ལྡན་ལགས་སུ་བརྒྱ་ཆ་ ༩༤.༢། ཨང་གཉིས་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་སྐྱིད་ལགས་ལ་བརྒྱ་ཆ་ ༩༢། ཨང་གསུམ་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཉི་མ་ལགས་སུ་བརྒྱ་ཆ་ ༨༩.༢། འབྱུང་རིག་སྡེ་ཚན་ནང་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་དཀོན་མཆོག་དབང་མོ་ལགས་ལ་བརྒྱ་ཆ་ ༩༢་དང་། ཨང་གཉིས་པ་སུ་ཇ་བོད་ཁྱིམ་གྱི་སློབ་མ་ཟླ་བ་ལྷ་མོ་ལགས་ལ་བརྒྱ་ཆ་ ༩༡.༨། ཨང་གསུམ་པ་གོ་པལ་པུར་བོད་ཁྱིམ་གྱི་སློབ་མ་རྡོ་རྗེ་དབང་མོ་ལགས་བརྒྱ་ཆ་ ༩༠ བཅས་རེད་འདུག འདི་ལོར་བོད་ཡིག་བཅས་ཁྱོན་བསྡོམས་བརྒྱ་ཆ་ ༩༥ ལེན་མཁན་གཅིག་བྱུང་བ་ནི་རྒྱ་གར་སློབ་ཕྲུག་ཇན་ཝེ་ཇོ་ཤི་(Janvee Joshi)ལགས་བརྒྱ་ཆ་ ༩༥.༢ རེད་འདུག

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་བའི་བོད་སློབ་ཁག་ ༡༦ ལས་ཆ་སྙོམ་གྱིས་ཨང་དང་པོ་སི་ལ་ཀུལ་བོད་ཁྱིམ་བརྒྱ་ཆ་ ༧༧.༢༨ དང་། ཨང་གཉིས་པ་སིམ་ལ་གཏན་སློབ་བརྒྱ་ཆ་ ༧༡.༨༧། ཨང་གསུམ་པ་སུ་ཇ་བོད་ཁྱིམ་བརྒྱ་ཆ་ ༧༡.༠༧ བཅས་ཡིན་པ་དང་། ཡིག་ཚད་མ་ལོན་པའི་སློབ་ཕྲུག་ ༡༡ ལས་སྦེལ་ཀོབ་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ། སིམ་ལ་གཏན་སློབ། རྡལ་ཧོ་སི་གཏན་སློབ་བཅས་ནས་སློབ་ཕྲུག་རེ་རེ་དང་། མ་སུ་རི་གཏན་སློབ་ནས་སློབ་མ་ ༥ དང་། ཌོ་ལན་ཇི་གཏན་སློབ་ནས་ ༢ འདུག

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་རྒྱ་གར་གྱི་སློབ་མ་ཁྱོན་འབུམ་བཅུ་གཅིག་ལྷག་(༡༡.༨༦.༣༠༦)མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས་ཨང་དང་པོ་འབྱུང་རིག་སྡེ་ཚན་གྱི་བུ་མོ་མེག་ནཱ་(Meghna Srivastava)ལགས་བརྒྱ་ཆ་ ༩༩.༨ དང་། ཨང་གཉིས་པ་འབྱུང་རིག་སྡེ་ཚན་གྱི་ཨ་ནོ་ཤི་ཀཱ་(Anoushka Chandra)ལགས་བརྒྱ་ཆ་ ༩༩.༦། ཨང་གསུམ་པ་བརྒྱ་ཆ་༩༩.༤ ལེན་མཁན་སློབ་ཕྲུག་བདུན་བྱུང་འདུག་ལ། འདི་ལོའི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ དང་དེ་ལས་བརྒལ་བ་ལེན་མཁན་སློབ་ཕྲུག་ཁྱོན་ ༧༢༥༩༩ བྱུང་འདུག

རྒྱ་གར་རྒྱལ་ཡོངས་ཀྱི་ས་ཁུལ་ལས་ཨང་དང་པོ་ཌིར་ཝན་ཌམ་(Trivandrum)དང་། ཨང་གཉིས་པ་ཆན་ནེ་(Chennai)ས་ཁུལ། ཨང་གསུམ་པ་ལྡི་ལི་བཅས་ཡིན་འདུག

བསྐྱར་བཅོས།: ༢༠༡༨/༠༥/༢༨

Leave a Reply