ཁྲིམས་མེད་ལུགས་མེད་ཀྱི་བྱས་ཉེས་མྱུར་དུ་མཚམས་འཇོག་དགོས།

འབར་མའི་ཟིང་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོས་ཡུལ་དེའི་སྲིད་འཛིན་དང་རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་གཉིས་ཀྱི་གཙོའི་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་རེ་སྐུལ་སྙན་ཞུ་ཕུལ་ཏེ་སྲིད་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་དྲག་སྤྱོད་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། འབར་མའི་ཟིང་འཁྲུག་ལ་ངོ་རྒོལ་བྱེད་མཁན་དང་ངོ་རྒོལ་སྣེ་ཁྲིད་པ་ཚོས་འབར་མའི་སྲིད་འཛིན་ཝན་མཱ་ཡན་ཊི་(WinMyint)ལགས་དང་། རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་སོགས་མཐོ་རིམ་མགོ་འཁྲིད་ཁག་ཅིག་མཚན་ཐོག་ཏུ་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ། སྲིད་གཞུང་གི་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་ཀྱིས་མི་མང་གི་ཞི་བའི་ངོ་རྒོལ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་ལ་རྡུང་བརྡེག་མནར་གཅོད་གཏོང་བཞིན་པ་དང་། ལས་འགུལ་སྣེ་འཁྲིད་པ་ཚོ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པ་མ་ཟད། གནད་དོན་དེའི་ཐད་ཁྲིམས་གཞི་ལག་བསྟར་དགོས་པའི་རེ་བ་བཏོན་ཡོད་འདུག འོན་ཀྱང་། ད་ལྟའི་ཆར་གཞུང་ཕྱོགས་ནས་་ཞུ་ཡིག་དེར་བཀའ་ལན་གང་ཡང་འབྱོར་མེད་པ་མ་ཟད། འབར་མ་དམག་གཞུང་གི་མགྲིན་ཚབ་པ་མེའོ་ཊོ་སོ་(MyoThuSoe)ཞེས་པ་ཞིག་གིས་ཡི་གེ་དེ་འདྲ་ཞིག་ཕུལ་བ་ཤེས་མ་སོང་ཞེས་བརྗོད་ཡོད་འདུག

རེ་སྐུལ་ཞུ་ཡིག་དེའི་ནང་དུ། ཉེན་རྟོག་པ་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བ་ཚོར་རྡུང་བརྡེག་དང་དོན་མེད་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ང་ཚོས་རེ་སྐུལ་ཞུ་ཡིག་འདི་ཕུལ་ནས་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་དམག་མི་དང་མགོ་འཁྲིད་ཚོས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལ་མྱུར་དུ་ཁྲིམས་གཞི་ལག་བསྟར་དང་། གཞུང་གི་མགོ་འཁྲིད་ཚོས་ང་ཚོ་སྤྱི་དམངས་ཤིག་གི་ངོས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་ལ་གནོད་ཚབས་ཆེན་པོ་ཤོར་བར་བསྐྱར་དུ་དཔྱད་ཞིབ་བྱེད་རོགས་གནང་། ཞེས་འཁོད་ཡོད་འདུག

ཉེ་སྔོན་ཕྱི་ཟླ་༥ཚེས་ ༡༢ ཉིན་འབར་མའི་ནུབ་ཁུལ་གྱི་ཡོང་གོན་(Yangon)གྲོང་ཁྱེར་ནང་འབར་མའི་ན་གཞོན་ལས་འགུལ་བ་མང་པོས་ཟིང་འཁྲུག་ཁྲོད་ཕམ་ཉེས་བྱུང་བ་དང་གནོད་སྐྱོན་ཕོག་པ་ཚོར་གདུང་སེམས་མཉམ་སྐྱེད་ཅེས་པའི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། གྲོང་ཁྱེར་ཉེན་རྟོག་པར་ཆོག་མཆན་མ་ཞུས་པར་རྔམ་སྟོན་ཁྲོམ་སྐོར་བྱས་ནས་སྤྱི་མང་སེམས་ཁམས་ལ་གནོད་སྐྱོན་བཟོས་ཡོད་སྐོར་བརྗོད་དེ། སྲིད་གཞུང་གི་དམག་མི་དང་ཉེན་རྟོག་པས་ངོ་རྒོལ་བ་ཚོར་རྡུང་བརྡེག་དང་ལས་འགུལ་སྣེ་འཁྲིད་པ་ ༡༧ འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། འདས་པའི་ཟླ་ཤས་ནང་མང་ཆེ་བ་གཞོན་སྐྱེས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་སྐད་ཆ་བཤད་མཁན་དང་ངོ་རྒོལ་ལས་འགུལ་སྤེལ་མཁན་མི་གྲངས་ ༤༢ འཛིན་བཟུང་བྱས་ཡོད་པར་བརྟེན། ཐེངས་འདིའི་རེ་སྐུལ་ཞུ་ཡིག་དེ་ཕུལ་བ་ཞིག་ཡིན་འདུག

འབར་མ་དམག་གཞུང་གིས་ཡུན་རིང་འབར་མའི་ནང་དབང་བསྒྱུར་བྱས་ཏེ་མི་མང་ལ་དྲག་གནོན་དང་འཛིན་བཟུང་བཙོན་འཇུག་སོགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ལོ་ནས་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་སྣེ་འཁྲིད་པའི་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། འབར་མ་མི་མང་གིས་ཡུལ་དེའི་ནང་གི་ཟིང་འཁྲུག་མཚམས་འཇོག་དང་གྲངས་ཉུང་མི་རིགས་ཁག་གི་བདེ་སྡུག་ལ་གཟིགས་སྐྱོང་ཡོང་བའི་རེ་ལྟོས་ཆེན་པོ་བྱས་ཡོད་ཀྱང་། དེ་ལས་ལྡོག་སྟེ་ན་ནིང་ད་ལོར་འབར་མའི་ཟིང་འཁྲུག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་དང་། ཁ་ཆེའི་གྲངས་ཉུང་མི་རིགས་རོ་ཧིན་གྷ་ཡའི་མི་མང་ས་ཡ་ ༧ མ་ཟིན་ཙམ་བྷང་ལ་ཌི་ཤིའི་ནང་སྐྱབས་བཅོལ་འགྲོ་དགོས་བྱུང་བར་བརྟེན། རྒྱལ་སྤྱིའི་ཉམས་ཞིབ་པ་མང་པོས་ལྕམ་ཨང་སན་སུའུ་སྐྱིད་ཀྱི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། འབར་མ་དམག་གཞུང་གི་དབང་བསྒྱུར་ནུས་སྟོབས་མུ་མཐུད་དུ་གནས་ཡོད་སྐོར་དང་། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དེ་སྔ་བཞིན་བློས་གཏོང་ཆེན་པོས་རང་དབང་དམངས་གཙོ་དོན་དུ་གཉེར་གྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱུང་བ་མ་ཟད། རྒྱལ་ཕྱིའི་གསར་འགོད་པས་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་འབར་མ་གཞུང་ནས་ཁ་ཆེ་བ་ཚོར་དྲག་གནོན་མནར་གཅོད་གཏོང་བཞིན་པའི་གནད་དོན་ཐད་བཅར་འདྲི་བྱེད་སྐབས། མོས་གནད་དོན་དེ་འདྲ་ཞིག་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མེད་པར་བརྟེན། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་རྒྱལ་སྤྱིའི་གཟེངས་རྟགས་རེ་གཉིས་ཕྱིར་བསྡུ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་དགོས་པའི་རེ་བ་འདོན་མཁན་མང་པོ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༣༡

Leave a Reply

One thought on “ཁྲིམས་མེད་ལུགས་མེད་ཀྱི་བྱས་ཉེས་མྱུར་དུ་མཚམས་འཇོག་དགོས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཆབ་སྲིད་མི་སྣས་རང་དོན་འགྲུབ་པའི་ཆབ་སྲིད་འོག་གྲངས་ཉུང་མི་་རིགས་ལ་གྱོང་གུན་རག་རྒྱུ་ཡིན་པ་འབར་མ་ཙམ་མ་ཡིན་པ་འཛམ་གླིང་གི་ལུང་པ་མང་པོའོ་ནང་ང་ཚོའི་མིག་མདུན་དུ་མཐོང་བཞིན་པ་མ་ཟད་ང་ཚོ་བོད་རིགས་ཀྱང་རྒྱ་མིའི་བཙན་གནོན་འོག་དུས་ད་ལྟ་ཡང་དོན་མེད་བརྩོན་འཇུག་དང་དམར་གསོད་སོགས་ཀྱི་དོན་རྐྱེན་མཚམས་མ་ཆད་པ་འཛམ་གླིངམཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐངས་སྡེ་ཚན་གྱིས་སྙན་མཐོའི་ནང་བཀོད་པ་ནས་ར་འཕྲོད་ཐུབ་པ་བཅས་ཉམས་ཆུང་ནུས་མེད་གྲངས་ཉུང་མི་རིགས་གང་ན་སུ་ཡོད་ཚང་མ་མགྱོགས་ནས་མྱུར་དུ་ཆབ་སྲིད་མི་སྣའི་བཙན་འོག་ནས་སྒྲོལ་བའི་མཆོག་གསུམ་བདེན་པར་མགོན་སྐྱབས་ཡོང་བའི་སྨོན་ལམ་བཅས་གྲངས་ཉུང་མི་རིགས་རྒྱལ་ལོ་་་་་་་རྒྱལ་ལོ་།