༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་གནང་འཆར་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༡༨ ལོའི་སྐུའི་འཁྲུངས་སྐར་ཐེངས་ ༨༣ པ་ལ་དྭགས་སུ་སྲུང་གཙི་ཞུ་རྒྱུ་ཡིན་འདུག

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀང་ར་རྫོང་ཁུངས་སུ་ཡོད་པའི་ཧི་མ་ཅལ་ ད་ལྟ་གསར་ཁང་(Himachal Abhi Abhi)ཞེས་པ་ལོ་གསུམ་འཁོར་བའི་དུས་དྲན་མཛད་སྒོ་བསྟུན། བརྙན་ཕབ་ཁང་ཞིག་དབུ་འབྱེད་བྱས་པའི་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༧གོང་ས་ལྔ་པ་ནས་དགའ་ལྡན་ཕོ་བྲང་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པ་དང་། གལ་སྲིད་ངེད་ད་ལྟ་འདིར་ཚེ་ལས་འདས་ཚེ་མི་ཚོས་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དེ་ཉར་ན་འདོད་ཀྱི་ཡོད་ན་ཡང་། ལོ་ཉི་ཤུ་དང་སུམ་ཅུའི་རྗེས་ནས་ཕལ་ཆེར་ལྟ་ཚུལ་དེ་ལ་འགྱུར་བ་འགྲོ་ངེས་རེད། ངོས་རང་ལ་མཚོན་ན་ལོ་ངོ་འགའི་སྔོན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་བྱས་ཏེ། ད་ལྟ་བོད་མིའི་ཆབ་སྲིད་ནི་མང་གཙོའི་ལམ་ནས་འོས་འདེམ་བྱུང་བའི་སྲིད་སྐྱོང་གིས་འགན་གཙོ་བོ་བཞེས་ཀྱི་ཡོད་པ་དང་། དེ་བཞིན་དགའ་ལྡན་ཕོ་བྲང་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད་སྐོར་གསུངས་འདུག

ཡང་དགའ་ལྡན་ཕོ་བྲང་མ་འོངས་པར་མུ་མཐུད་གནས་དགོས་མིན་གྱི་སྐོར་ལ་ཁོང་ཉིད་ཀྱིས། དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དེ་གནས་དང་མ་གནས་ནི་ངོས་ལ་ཇུས་གཏོགས་ཡོད་མ་རེད། ངོས་ཀྱི་ཇུས་གཏོགས་ནི་ཇི་སྲིད་ངོས་རང་འཚོ་བཞུགས་རིང་གཞན་ལ་ཕན་ཐོགས་ཀྱི་ཡོད་དང་མེད་རེད། ངོས་ཀྱི་རྗེས་ནས་ངོས་རང་ལ་ཇུས་གཏོགས་ཡོད་པ་མ་རེད། བོད་མི་ཚོ་ནི་བླ་མ་སྒེར་བ་ལ་བརྟེན་རྒྱུ་མང་དྲགས་འདུག དེ་ནོར་བ་རེད། བཅོམ་ལྡན་འདས་དང་རྒྱ་གར་དང་བོད་ཀྱི་རླབས་ཆེན་གྱི་པཎ་ཆེན་རྣམས་ཀྱིས་གནང་བའི་ཆོས་དེ་ལ་དོ་སྣང་བྱ་དགོས་པ་རེད། ང་ཚོའི་དགེ་རྒན་ངོ་མ་དེ་རེད། ཅེས་སོགས་གསུངས་འདུག

གཞན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣ ནས་༧གོང་ས་རྒྱ་བ་རིན་པོ་ཆེ་མཆོག་ལྡི་ལི་ནས་ཕེབས་ཐོན་གྱིས་ལ་དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་དེ་ཕྱི་ཚེས་ ༢༡ བར་ཉིན་གྲངས་ ༡༩ རིང་ཡུལ་དེར་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ནས་ ༡༧ བར་ནུབ་རར་ཕེབས་ཏེ་བདེ་སྐྱིད་དགོན་དང་བདེ་སྐྱིད་ཕོ་བྲང་ལ་བཞུགས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༨ ཉིན་ནས་བསམ་བསྟན་གླིང་གི་དབྱར་ཆོས་ཆེན་མོའི་དབུ་འཛུགས་མཛད་སྒོར་ཆིབས་བསྒྱུར་དང་། ཕྱི་ཚེས་ ༡༩ ཉིན་སེམས་བསྐྱེད་བཀའ་རྒྱ་མ་དང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་འཆད་འཁྲིད་གནང་རྒྱུ་ཡིན་འདུག གཞན་ཡང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཚེ་དབང་གསུང་ཆོས་དཀའ་དྲིན་བསྩལ་གནང་རྒྱུ་དང་དད་ལྡན་མང་ཚོགས་ཀྱིས་བརྟན་བཞུགས་ཕུལ་གྲུབ་མཚམས་ཕྱི་ཚེས་ ༢༡ ཕྱིར་དྷ་སའི་ཕྲོ་བྲང་ལ་ཆིབས་སྒྱུར་དཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

གཞན་ཡང་སྐུ་སྒེར་དྲྭ་བའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༦ པའི་ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཡུ་རོབ་ཀྱི་ལི་ཐུ་ནི་ཡ་(Lithuania)རྒྱལ་ཁབ་ཀྱི་ཝི་ལན་ནིའུ་སི་(Vilnius)གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་ཐབས་བྱུས་(The Art of Happiness)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་དང་ཕྱི་ཚེས་ ༡༨ བར་མཛད་འཆར་བསྐྱང་རྒྱུ་ཡིན་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༠༢

Leave a Reply