མེ་རི་འབར་གས་བྱུང་སྟེ་གནོད་སྐྱོན་ཚབས་ཆེན་ཐེབས།

གྷོ་ཊི་མཱ་ལཱ་རྒྱལ་ཁབ་ནང་མེ་རི་འབར་གས་བྱུང་སྟེ་ཉུང་མཐར་མི་གྲངས་ ༢༥ རྐྱེན་འདས་སུ་ཕྱིན་ཏེ་འདས་པའི་ལོ་ངོ་ ༤༠ ལྷག་ནང་བྱུང་མ་མྱོང་བའི་གནོད་སྐྱོན་ཐེབས་ཡོད་འདུགརྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཁ་སང་སྔ་དྲོར་མེ་གླིང་ལྷོ་མའི་དཀྱིལ་སྙིང་དུ་ཡོད་པའི་གྷོ་ཊི་མཱ་ལཱ(Guatemala)རྒྱལ་ཁབ་ཀྱི་རྒྱལ་ས་གྷོ་ཊི་མཱ་ལཱ་གྲོང་ཁྱེར་གྱི་ཉེ་འགྲམ་གཙང་བོ་ཞིག་ནས་མེ་རི་འབར་གས་བྱུང་སྟེ། ཉུང་མཐར་མི་གྲངས་༢༥ རྐྱེན་འདས་དང་མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ཡུལ་དེའི་རྒྱལ་ཡོངས་རང་བྱུང་གོད་ཆག་མྱུར་སྐྱོབ་ཚན་པས་བརྗོད་པ་ལྟར་ན། རྡོ་ཞུན་འཁོལ་མ་འགད་འཐོར་བྱུང་སྟེ་ཉེ་འགྲམ་དུ་ཡོད་པའི་ཨེ་རཱོ་ཌོ(El Rodeo)གྲོང་ཚོའི་ཁང་པ་མང་པོ་མེས་འཚིག་པ་མ་ཟད། གཙང་བོའི་ཉེ་འགྲམ་ནས་གསོན་བསྲེགས་ཐེབས་པའི་ཕུང་པོ་མང་པོ་རྙེད་སོན་བྱུང་ཡོད་པ་དང་། ད་དུང་མེ་ཡིས་འཆི་སྐྱོན་བྱུང་བའི་གྲངས་འབོར་ཁ་གསལ་མེད་སྐོར་བརྗོད་འདུག

ཡུལ་དེའི་སྲིད་འཛིན་ཇེམ་མེ་མོ་རཱལ་ལི་སི་(Jimmy Morales) ཡིས་རྒྱལ་ཡོངས་ནས་ཉིན་གྲངས་གསུམ་རིང་མྱ་ངན་ཞུ་རྒྱུ་དང་། རྒྱལ་ཡོངས་ཚད་མཐོའི་མྱུར་སྐྱོབ་ཚན་པ་ཆེད་གཏོང་གིས་ཉུང་མཐར་ཡང་རོགས་སྐྱོབ་ས་ཚིགས་ཁག་ ༣་འཛུགས་ནས་ཛ་དྲག་མྱུར་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ས་གནས་གསར་ཁང་ཞིག་གིས་སྤེལ་བའི་བརྙན་ཐུང་ནང་དུ། མེ་རི་འཐོར་བའི་རྡོ་ཞུན་འཁོལ་མས་མི་འཚིག་པ་དང་ཁང་པ་སོགས་བསྲེགས་པ། དེ་བཞིན་ཉེ་འགྲམ་གྱི་གྲོང་ཁྱེར་དང་གྲོང་ཚོ་ཁག་གི་སྲང་ལམ་དང་རླངས་འཁོར་སོགས་མེ་རིའི་ཐལ་རྡུལ་གྱིས་གཡོགས་པ་དང་། ད་ལྟའང་ནམ་མཁའ་རྡུལ་རླུང་གིས་ཁེངས་ཡོད་པས་ཡུལ་མི་མང་པོ་གནས་སྤོར་གྱི་འདུག

སྲིད་གཞུང་གིས་ཚོད་དཔག་བྱས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་མི་གྲངས་ས་ཡ་༡.༧ གི་རྒྱུ་དངོས་དང་ཞིང་ས་སོགས་ལ་གནོད་རྐྱོན་བཟོས་ཡོད་ཡོད་པ་དང་། ད་ལན་མེ་རིའི་རྡོ་ཞུན་ཤུགས་ཆེན་འཕྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རླུང་ཁམས་ཀྱི་རྒྱུ་ཕྱོགས་ཀྱིས་ཡིན་པ་དང་། ད་དུང་རླུང་ཁམས་ཀྱི་ཁ་ཕྱོགས་འགྱུར་མེད་པས་གྲོང་ཁྱེར་ལ་བསྐྱར་དུ་གནོད་འཚེ་ཡོང་བའི་ཉེན་ཁ་ཆེན་པོ་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། ཡུལ་དེའི་རྒྱལ་སའི་ཉེ་འགྲམ་ན་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་སྒོ་བརྒྱབས་པ་དང་། མི་མང་ལ་ཐལ་རྡུལ་འགོག་བྱེད་ཀྱི་ཁ་རས་དང་གྱོན་གོས་སོགས་སྤྲད་ཡོད་འདུག

ཡུལ་དེའི་ལྷོ་ཕྱོགས་སུ་ཡོད་པའི་མེག་སི་ཁོ་ཡི་སྲིད་འཛིན་(Enrique Peña Nieto)ཡིས་ང་ཚོས་གྷོ་ཊི་མཱ་ལཱ་ཡི་མེ་རི་གས་འཐོར་གྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་རྣམས་དང་དཀའ་ངལ་ཁྲོད་ཡོད་པའི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་རོགས་སྐྱོར་ག་རེ་དགོས་པ་ཡིན་ནའང་བྱེད་ངེས་ཡིན། ཞེས་བརྗོད་འདུག་ལ། ཉེ་འཁོར་གྱི་རྒྱལ་ཁབ་མང་པོས་རོགས་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་འདུག

ཐེངས་འདིའི་དོན་རྐྱེན་ནི་ཕྱི་ལོ་ ༡༩༧༤ ལོའི་རྗེས་སུ་ཡུལ་དེར་བྱུང་བའི་མེ་རིའི་གནོད་སྐྱོན་ཆེས་ཚབས་ཆེ་ཤོས་དེ་ཆགས་ཡོད་འདུག ཕྱི་ལོ་༡༩༧༤ ལོའི་མེ་རི་འཕྱུར་བའི་དོན་རྐྱེན་ཁྲོད་མི་གྲངས་༡༠༠ ལྷག་རྐྱེན་འདས་སུ་སོང་ཡོད་འདུག དྲ་ལམ་གྱི་གནས་ཚུལ་ལྟར་ན། ཡུལ་དེའི་ནང་སྐར་མ་ ༡༤ ནས་༢༠ རེའི་ནང་མེ་རི་ཆུང་ཆུང་རེ་བྱུང་གི་ཡོད་སྟབས། མེ་རིའི་ཕ་ས་ཞེས་འབོད་སྲོལ་ཡང་ཡོད་འདུག

 གྷོ་ཊི་མཱ་ལཱ་ནི་གླིང་ཕྲན་མེ་གླིང་ལྷོ་མའི་དཀྱིལ་སྙིང་དུ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤༢༠༤༢ དང་མི་འབོར་ས་ཡ་༡༦.༦ ཡོད་པ་དང་། ཡུལ་མིའི་འཚོ་རྟེན་གཙོ་བོ་རང་བྱུང་ཐོན་ཁུངས་དང་ཡུལ་སྐོར་ལས་རིགས་སོགས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༤

Leave a Reply

One thought on “མེ་རི་འབར་གས་བྱུང་སྟེ་གནོད་སྐྱོན་ཚབས་ཆེན་ཐེབས།

  1. གཞུང་པ་ཚེ་དབང་བསོད་ནམས་་

    ས་ཆུ་མེ་རླུང་འབྱུང་བའི་འཇིག་རྟེན་འདི་།
    དངོས་ཀུན་འབྱུང་བཞིའི་ནུས་པའི་འོག་ཏུ་འཚོ་།
    ་འབྱུང་བའི་ནུས་པ་མི་གི་བསོད་ནམས་རག་།
    བསོད་ནམས་ཉམས་དུས་འབྱུང་བའི་གནོད་འཚེ་ཕོག་ །