དྲུག་བཞིའི་དོན་རྐྱེན་ལ་བསྐྱར་ཞིབ་དགོས།

ཕྱི་ལོ་ ༡༩༨༩ ལོར་བྱུང་བའི་དྲུག་བཞིའི་དོན་རྐྱེན་ནི་རྒྱ་ནག་དམར་གཞུང་གིས་མི་མང་ལ་བཟོས་པའི་ཁྲིམས་འགལ་གྱི་ནག་ཉེས་ཆེན་པོ་ཞིག་ཡིན་པས་དེ་ལ་བསྐྱར་ཞིབ་ངེས་པར་དུ་དགོས་སྐོར་འབོད་སྐུལ་གནང་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང། དྷ་ས་མེག་གྷན་བཞི་མདོ་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་སློབ་ཕྲུག་གི་དམངས་གཙོའི་འོས་ལངས་བྱུང་སྟེ་ངོ་ལོ་ ༢༩ འཁོར་བའི་དུས་དྲན་སྲུང་གཙི་བྱས་པ་དང་འབྲེལ། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་སོང་།

རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་གྲགས་པ་ལགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མི་ཚེ་གང་བོར་སྲིད་འཛིན་གྱི་ལས་གནས་ལ་བསྡད་ཆོག་པ་བཟོས་པ་དང་བསྟུན་རྒྱ་ནག་གི་ལོ་རྒྱུས་ནང་བྱུང་པའི་དམངས་གཙོའི་ལས་འགུལ་དྲན་གསོ་བྱེད་པ་ནི་ཧ་ཅང་གལ་གནད་དུ་མཐོང་བ་དང་། རྒྱ་ནག་མི་མང་ལ་དྲང་བདེན་ཞིག་ཐོབ་དགོས་ན་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ངེས་པར་དུ་དྲན་གསོ་བྱེད་དགོས། ང་ཚོ་བོད་མི་ཚོས་དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་སོང་བ་དང་ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་ལ་རྒྱབ་སྐྱོར་དང་མྱ་ངན་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྣམས་ཀྱིས་ས་ཆ་འདྲ་མིན་ནང་སོ་སོས་གང་ནུས་ཀྱིས་ལས་འགུལ་སྤེལ་བཞིན་ཡོད་ལ། དེ་རིང་ང་ཚོས་འདིར་ཕྱི་རྒྱལ་དང་རྒྱ་གར་ཡུལ་སྐོར་བ་རྣམས་ལ་བོད་དབྱིན་ཧིན་གསུམ་ཀྱི་སྐད་ནང་དོན་རྐྱེན་འདིའི་སྐོར་འབྲེལ་བཤད་བྱེད་བཞིན་པ་དང་བསྒྲགས་ཤོག་བཀྲམ་གྱི་ཡོད། དེ་མིན་རང་ཉིད་ཀྱི་སེམས་ཚོར་འབྲི་ས་ཞིག་དང་རྒྱབ་ལྗོངས་དྲུག་བཞིའི་དོན་རྐྱེན་བྱས་པའི་ངོ་རྒོལ་གྱི་པར་བླངས་ནའང་ཆོག་སྐོར་བརྗོད་སོང་།

ལས་འགུལ་ནང་མཉམ་ཞུགས་པ་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ལ་དྲུག་བཞིའི་དོན་རྐྱེན་བོད་དོན་ལ་གལ་ཆེན་གང་འདྲ་ཡིན་མིན་དྲིས་པར། རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་འོག་དམངས་གཙོའི་ཆེད་མི་ཁྲི་གཅིག་ཙམ་བསད་པ་རེད། དེ་གཅིག་ནས་དྲན་གསོ་དང་གཉིས་ནས་དེ་ང་ཚོ་སེམས་ཤུགས་འཕར་དགོས་པའི་གནས་ཚུལ་ཞིག་རེད། འཛམ་གླིང་ནང་ང་ཚོ་བོད་པའི་གནས་ཚུལ་འགྲེལ་བཤད་རྒྱག་སྐབས་ཀྱང་ཁོང་ཚོའི་གནས་ཚུལ་ཐོག་ནས་འགྲེལ་བཤད་བརྒྱབ་ན་དོན་དམ་འགྲེལ་བཤད་རྒྱག་ས་ཞིག་འདུག  རྒྱ་ནག་དམར་གཞུང་གིས་ང་ཚོ་བོད་པ་གཅིག་པོ་ལ་མནར་གཅོད་དང་བསད་པ་མ་རེད། རྒྱ་མི་ཁོ་རང་ཚོའི་ནང་ལོག་ལ་ཡང་མི་དེ་འདྲ་བསད་པ་དང་མནར་གཅོད་བཏང་པ་རེད་ལབ་ན། དཀའ་ངལ་དེ་བོད་པ་གཅིག་པོ་མ་རེད། ཤར་ཊིར་ཀེ་སི་ཐན་དང་ནང་སོག རྒྱ་ནག་གཞུང་གིས་སོ་སོ་རང་གི་སློབ་ཕྲུག་སོགས་ལའང་མནར་གཅོད་བཏང་ནས་བསད་འདུག་པ་བཤད་ན། ཕྱི་རྒྱལ་བ་ཞིག་ཡིན་ཡང་བོད་དོན་སྐོར་ལ་གོ་རྟོགས་ཡོང་སླ་བ་དང་ང་ཚོས་འགྲེལ་བཤད་རྒྱག་སླ་བ་འདུག ཅེས་བརྗོད་བྱུང་།

ཟླ་འདིའི་ཚེས་ ༢ ཉིན་(Association of Parents)ཞེས་པའི་ཕ་མའི་ཚོགས་པ་ཞིག་བརྒྱུད་དེ། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ཁྲོད་དམར་གསོད་བཏང་བ་དང་བོར་བརླག་ཏུ་སོང་བའི་ལས་འགུལ་བའི་ཕ་མ་རྣམས་ཀྱིས་ཞི་ཅིན་ཕིན་ལ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༤ ཉིན་ཞེས་འཁོད་ཡོད་པའི་འཕྲིན་ཡིག་བཏང་སྟེ་དྲུག་བཞིའི་དོན་རྐྱེན་ལ་བསྐྱར་ཞིབ་དགོས་པའི་དགོས་འདུན་བཏོན་ཡོད་འདུག དེའི་ཁྲོད་ཀྱི་འཕྲིན་ཡིག་གཅིག་གི་ནང་། ལོ་ལྟར་ང་ཚོས་རང་ཉིད་ཀྱི་ཆེས་དགའ་བའི་མི་དེ་དྲན་གསོ་བྱེད་དུས་རྟག་ཏུ་ང་ཚོ་ནི་དམ་དྲག་དང་ལྟ་རྟོག་འོག་གནས་དགོས་ཀྱི་འདུག ཅེས་འཁོད་འདུག ཡང་གཞན་ཞིག་གི་ནང་། ལོ་ ༢༩ སྔོན་ནས་རྩིས་པའི་ད་བར་གྱི་རྒྱ་ནག་གི་གཞུང་འཛིན་པ་སུས་ཀྱང་འཛམ་གླིང་ལ་གཡོ་འགུལ་ཐེབས་པའི་དོན་རྐྱེན་དེའི་སྐོར་ཅི་ཡང་མ་བྱུང་བ་ལྟར་ང་ཚོར་སྐད་ཆ་ཚིག་གཅིག་དྲིས་མ་མྱོང་བ་དང་དགོངས་དག་ཞུས་མ་སོང་། ཞེས་བྲིས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་དགུང་མོར་ཧོང་ཀོང་གི་ཝེ་ཁུ་ཁྲོ་རེ་ཡ་སྤྱི་གླིང་(Victoria Park )དུ་མི་མང་ཁྲི་ ༡༥ ཙམ་འདུ་འཛོམས་བྱས་ཏེ། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ཁྲོད་དམར་གསོད་བཏང་བ་རྣམས་དང་། ལོ་གཅིག་ཙམ་གོང་འདས་གྲོངས་སུ་ཕྱིན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པའོ་(Liu Xiaobo)ལགས་ལ་མྱ་ངན་ཞུས་ཡོད་པ་དང་འབྲེལ། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་གཅིག་སྡུད་ལ་ངོ་རྒོལ་དང་ཧོང་ཀོང་ལ་དམངས་གཙོ་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་མེ་ཁའོ་ནང་དུའང་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོའི་ལས་འགུལ་སྤེལ་ཡོད་འདུག

དེ་རིང་སྔ་དྲོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕོམ་ཕེ་(Pompeo)ལགས་ཀྱིས་ལོ་ ༢༩ འཁོར་བའི་དྲུག་བཞིའི་དོན་རྐྱེན་སྟེང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་བའི་འཐབ་རྩོད་བྱེད་མཁན་ཉེས་མེད་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་བྱས་ནས་ཚེ་སྲོག་ཤོར་བ་རྣམས་དྲན་གསོ་བྱེད་ཀྱིན་ཡོད། ང་ཚོ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་བོར་བརླག་བྱུང་བའི་གྲངས་ཚད་མི་མང་ལ་བསྒྲག་དགོས་པ་དང་བཀག་ཉར་བྱས་པ་རྣམས་ཀློད་གྲོལ་དགོས། ཞེས་བརྗོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིར་ཡོད་པའི་རྒྱ་རིགས་སློབ་ཕྲུག་རང་བཙན་མཐུན་ཚོགས་དང་རྒྱ་རིགས་མཁས་དབང་སྐོར་ཞིག་གི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་དྲུག་བཞིའི་དོན་རྐྱེན་ལས་འགུལ་དྲན་གསོ་ཆེད་ཧོང་ཀོང་དང་ཐའེ་ཝན། བོད་དང་ཐའེ་ཝན། ནང་སོག་དང་ཡུ་གུར་མི་རིགས་སོགས་ཀྱི་འཐུས་མི་རྣམས་འཛོམས་ཏེ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དྲན་གསོ་དང་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག

འདས་ལོར་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཧྲན་ཏུང་ཞིང་ཆེན་གྱི་ལས་འགུལ་བ་ལི་ཧོང་ཝེ་(Li Hongwei)དང་ཡས་ཤི་ཡོན་(Yu Xinyong)གཉིས་ཀྱིས་སྤྱི་ཚོགས་རྙོག་ཟིང་དང་དཀའ་ཁག་བཟོ་ཉེན་ཡོད་པའི་དོགས་གཞིའི་འོག འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་བསྐྱུར་དུ་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་པ་དང་། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཧུའུ་ཅཱ་(Hu Jia)ལགས་ཟླ་འདིའི་ཕྱི་ཚེས་ ༡ ནས་ ༥ བར་པེ་ཅིན་གྱི་རང་ཤག་ནས་སྤྱི་ལེ་ ༣༠༠ ཙམ་གྱི་སར་ཡོད་པའི་ཆིན་ཧང་ཏོ་(Qinhuangdao)རུ་བཀག་ཉར་བྱ་རྒྱུ་ཡིན་པའི་ཉེན་བརྡ་འབྱོར་ཡོད་པ་སོགས། ཟླ་གཅིག་ཙམ་གྱི་སྔོན་ནས་བཟུང་རྒྱ་ནག་གཞུང་གིས་ས་གནས་གང་སར་བཀག་སྡོམ་དོགས་གཟོན་དང་སྤྱི་ཚོགས་དྲ་ལམ་སོགས་སུ་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༠༤

Leave a Reply

One thought on “དྲུག་བཞིའི་དོན་རྐྱེན་ལ་བསྐྱར་ཞིབ་དགོས།