སྟོང་རྐྱལ་གྱིས་ཞི་བདེ་རྒྱ་མཚོ་འཕྲེད་ཀྱིས་བརྒལ་རྒྱུ་ཡིན།

ཨ་རིའི་རྐྱལ་རྩལ་བ་བྷན་ལའེ་ཁོམ་ཊི་ཞེས་པ་ཞིག་གིས་ཞི་བདེ་རྒྱ་མཚོ་ཆེན་པོར་སྟོང་རྐྱལ་རྒྱང་བཞུད་བྱས་ཏེ་འཛམ་གླིང་ནང་ལོ་རྒྱུས་གསར་པ་བསྐྲུན་རྒྱུ་ཡིན་སྐོར་བསྒྲགས་འདུགདེ་རིང་བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཧྥ་རན་སི་ནས་ཡིན་པའི་ལོ་ན་ ༥༡ ཅན་གྱི་སྐྱེས་པ་མིང་ལ་བྷན་ལའེ་ཁོམ་ཊི(Ben Lecomte)ཞེས་པ་ཞིག་གིས། ཉི་ཧོང་གི་ཧྥོ་ཀོ་ཤི་མའི་(Fukushima)མཚོ་འགྲམ་ནས་མགོ་ཚུགས་ཏེ་ཨ་རིའི་ནུབ་བརྒྱུད་ཁུལ་གྱི་མཚོ་འགྲམ་བར་ཞི་བདེ་རྒྱ་མཚོར་སྟོང་རྐྱལ་བྱས་ཏེ་འཕྲེད་ཀྱིས་བརྒལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ཀྱང་། ཁོའི་སྟོང་རྐྱལ་རྒྱང་བཞུད་ག་དུས་ནས་མགོ་འཛུགས་རྒྱུ་ཡིན་མིན་གསལ་པོ་མེད་པ་རེད།

ཁོས་གསར་འགོད་པར་ཞི་བདེ་རྒྱ་མཚོ་སྟོང་རྐྱལ་གྱིས་བརྒལ་བར་ཉིན་རེར་ཆུ་ཚོད་ ༨ ཕྱིན་ན་དུས་ཡུན་ཟླ་བ་༦ ལྷག་དགོས་པ་དང་། ལམ་བར་དུ་ཉ་ཆེན་དང་མཚོ་ནང་གི་སེམས་ཅན་གཏུམ་པོ་རིགས་ཀྱི་ཉེན་ཁར་གདོང་གཏོད་དགོས་པ་མ་ཟད། ཆར་རླུང་དང་དྲག་ཆར། དེ་བཞིན་ཆུ་ཡི་དྲོད་ཚད་འཕར་ཆག་སོགས་ཀྱི་དཀའ་ངལ་བྱུང་སྲིད་སྟབས། དུས་ཡུན་དེའི་རིང་ཚན་རིག་པ་དང་རྒྱ་མཚོ་ཉམས་ཞིབ་པ་ཚོས་ལམ་ཐག་སྤྱི་ལེ་༩༠༠༠ ཡོད་པའི་སྟོང་རྐྱལ་ལ་རོགས་རམ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་སྔོན་བརྡ་སྤྲོད་པའི་རེ་བ་ཡོད། ཅེས་བརྗོད་འདུག

མི་རིང་བར་ཚན་རིག་པ་ཚོས་ཁོང་གི་སྙིང་ཁམས་འཕར་ལྡང་གི་ཚད་དང་ཧྥོ་ཀོ་ཤི་མ་རྡུལ་ཕྲན་མཚོན་ཆའི་རྐྱེན་གྱིས་རྒྱ་མཚོ་ལ་གནོད་སྐྱོན་ག་ཚོད་ཕོག་ཡོད་མེད་སོགས་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ་དང་། ཁོས་ཚན་རིག་པ་ཚོར་གཟུགས་པོའི་གནས་སྟངས་ཡག་པོ་ཡོད་པ་ལས་ཀྱང་བསམ་བློའི་ནང་གྲ་སྒྲིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བསམ་བློའི་ནང་གྲ་སྒྲིག་དང་དམིགས་ཚད་ཅིག་མེད་པ་ཡིན་ན་དཀའ་ངལ་ཅི་རིགས་ཤིག་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་བྷན་ལའེ་ཁོམ་ཊི་ཨ་རིར་ཡོད་པ་དང་། ཁོས་ཉིན་རྒྱུན་ཆུ་ཚོད་གཅིག་རིང་ལ་ཆུ་རྐྱལ་དང་གཟུགས་པོ་དང་བསམ་བློར་གྲ་སྒྲིག་སྦྱོང་བརྡར་བྱེད་བཞིན་ཡོད་ལ། ཁོས་ཐེངས་འདིའི་སྤྱི་ལེ་ ༩༠༠༠ གི་སྟོང་རྐྱལ་འགྲུལ་བཞུད་ཆེད་ལོ་ངོ་༦ ལྷག་ལ་གྲ་སྒྲིག་བྱས་ཡོད་འདུག རྒྱ་མཚོ་བརྒལ་སྐབས་ཉིན་རེར་ཆུ་ཚོད་༨ ལ་སྟོང་རྐྱལ་བྱས་ཏེ། ལྷག་མའི་ཆུ་ཚོད་ཚང་མར་གཉིད་ཁུག་པ་དང་ཟ་མ་ཟ་བ་སོགས་ངལ་གསོ་བྱ་རྒྱུ་ཡིན་པ་དང་། ཁོང་གི་མཉམ་དུ་གྲུ་ཆུང་ཞིག་ནང་ཅ་ལག་དང་ཟ་མ་སོགས་མཁོ་ཆས་རིགས་འཁུར་ནས་འགྲོ་རྒྱུ་ཡིན་འདུག

ཕྱི་ལོ་ ༡༩༩༨ ལོར་ཁོས་ཆེས་ཐོག་མར་ཨེཊ་ལཱན་ཊིག་རྒྱ་མཚོར་སྟོང་རྐྱལ་གྱིས་ཉིན་གྲངས་ ༧༣ ནང་སྤྱི་ལེ་ ༦༤༠༠ བརྒལ་ཏེ་ཧྥ་རན་སའི་སྐམ་སར་བསླེབས་ཡོད་པ་དང་། སྐབས་དེར་ཁོས་གསར་འགོད་པར་ཆེས་ཐོག་མར་བཤད་པའི་སྐད་ཆ་ནི་ཡང་བསྐྱར་གཏན་ནས་དེ་ལྟར་བྱ་རྒྱུ་མིན་ཞེས་བཤད་ཡོད་ན་ཡང་། མི་རིང་བར་ཁོས་བསྐྱར་དུ་འཐབ་རྩོད་གསར་པ་ཞིག་གི་མགོ་བརྩམ་རྒྱུ་ཡིན་འདུག

ད་ལྟ་བར་འཛམ་གླིང་གི་གཙང་བོ་བརྒལ་ནས་སྟོང་རྐྱལ་རིང་ཤོས་རྒྱག་མཁན་ནི། ཕྱི་ལོ་༢༠༠༦ ལོར་ཨི་ཊ་ལི་ནས་ཡིན་པའི་རྐྱལ་རྩལ་བ་ཝེལ་རྗེ་ཁོ་(Veljko Rogošić)ཞེས་པ་ཞིག་གིས། སྤྱི་ལེ་༢༢༥ ཡོད་པའི་(Adriatic Sea) རྒྱ་མཚོར་ཆུ་ཚོད་ ༥༠ དང་སྐར་མ་༡༠ ནང་བརྒལ་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོར་མིང་ལ་མཱར་ཊིན་སི་ཊི་རིལ(Martin Strel) ཞེས་པ་ཞིག་གིས་སྤྱི་ལེ་༢༨༦༠ ཡོད་པའི་ཡུ་རོབ་ཀྱི་གཙང་བོ་རིང་ཤོས་གཉིས་པ་ཌེ་ནོབ་(Danube river)ཉིན་༥༨ ནང་བརྒལ་སྟེ་འཛམ་གླིང་གི་ཆེས་རྒྱང་ཐག་རིང་བའི་ཆུ་རྐྱལ་བ་ཆགས་ཡོད་པ་དང་། རྗེས་སུ་ཁོང་འཛམ་གླིང་ས་ཆ་འདྲ་མིན་ནས་གཙང་བོ་འདྲ་མིན་བརྒལ་ཏེ་འཛམ་གླིང་གི་ཚད་མི་འདྲ་བའི་སྟོང་རྐྱལ་གྱི་ཟིན་ཐོ་འདྲ་མིན་འཇོག་ཐུབ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༥

Leave a Reply