དབྱར་རྩྭ་དགུན་འབུ་ངོ་མ་དགོས་དང་རྫུན་མ་དགོས།

བོད་རང་སྐྱོང་ལྗོངས་དང་སི་ཁྲོན་སོགས་སུ་མཐོ་སྒང་བོད་ཀྱི་དབྱར་རྩྭ་དགུན་འབུ་ལས་ཕན་ནུས་ཆུང་ཞིང་རིན་གོང་ཁེ་བའི་དབྱར་རྩྭའི་རིགས་ཤིག་ཚན་རིག་ལག་རྩལ་ལ་བརྟེན་ནས་འདེབས་འཛུགས་བྱེད་ཀྱི་འདུག་ཟེར།

ལོ་རེའི་དཔྱིད་དུས་བསླེབས་པ་དང་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་མགོ་འཛུགས་ཀྱི་ཡོད་པ་ལྟར། ད་ལྟ་བོད་ཁུལ་ཞིང་འབྲོག་མང་ཚོགས་ཀྱིས་ནངས་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་དབྱར་རྩྭ་དགུན་འབུ་རྐོ་བཞིན་ཡོད་པ་དང་། སྔར་ལོ་དང་བསྡུར་ན་ད་ལོར་དབྱར་རྩྭ་དགུན་འབུའི་གོང་ཚད་མར་ལྷུང་ཡོད་པ་མ་ཟད། ས་ཁུལ་མང་པོ་ཞིག་ནས་དབྱར་རྩྭ་དགུན་འབུ་ཉུང་དུ་ཕྱིན་ཡོད་སྐོར་བརྗོད་ཀྱི་འདུག

འདི་གའི་གསར་འགོད་པས་དབྱར་རྩྭ་རྐོ་ཡུལ་རང་ལ་ཡོད་པའི་བོད་མི་ཞིག་ལ་དེའི་སྐོར་ཁ་བརྡ་བྱེད་སྐབས། ལོ་རེ་བཞིན་དབྱར་རྩྭའི་རིན་གོང་མི་འདྲ་བས་ན་ནིང་དང་བསྡུར་ན། ད་ལོར་དབྱར་རྩྭའི་རིན་གོང་མར་ཆགས་ཏེ་དབྱར་རྩྭ་དགུན་འབུ་ཆུང་ཆུང་རྒྱ་མ་གང་ལ་རྒྱ་སྒོར་ ༡༧༠༠ ཡས་མས་དང་། འབུ་ཅུང་ལེགས་པོ་རྒྱ་མ་གང་ལ་རྒྱ་སྒོར་ཁྲི་ ༥༢༠༠༠ དང་ ༤༧༠༠༠ ཡས་མས། འབུ་ཡག་ཤོས་དེ་རྒྱ་མ་གང་ལ་འབུ་རྐང་ ༨༠༠ ཡས་མས་ཡོད་པ་དང་། དེ་ལ་རྒྱ་སྒོར་ཁྲི་ ༡༢ ནས་ ༡༥ བར་ཡིན་པ་དང་། བོད་ཀྱི་ས་ཁུལ་ཁ་ཤས་སུ་དེ་སྔོན་དབྱར་རྩྭ་བརྐོ་རྒྱུ་མེད་ཀྱང་ད་ལྟ་ཉུང་ཤས་ཡོད་པ་དང་། ཡང་ས་ཆ་ཁ་ཤས་སུ་སྔོན་ཆད་དབྱར་རྩྭ་ཡོད་ཀྱང་དེང་སང་མེད་པའམ་ཧ་ཅང་ཉུང་དུ་སོང་བའི་གནས་སྟངས་ཡོང་གི་ཡོད་པ་ལྟར། ད་ལོར་ས་གནས་མང་པོ་ཞིག་ནས་དབྱར་རྩྭ་ཉུང་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་སྟབས། མ་འོངས་པར་དབྱར་རྩྭ་རྐོ་རྒྱུ་མེད་པའི་གནས་སྟངས་འབྱུང་སྲིད་པའི་སེམས་འཚབ་དེ་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། དེང་སང་ཞིང་འབྲོག་མང་ཚོགས་ཀྱིས་འོ་མ་བཞོ་རྒྱུ་དང་ཞོར་ལས་སུ་འགྲོ་བ་ཉུང་དུ་བཏང་སྟེ་ཁྱིམ་ཚང་རེ་རེའི་རྒན་དར་གཞོན་བྱིས་མེད་པར་ཁྱིམ་མི་ཚང་མ་དབྱར་རྩྭ་རྐོ་བར་འགྲོ་བཞིན་ཡོད་པ་དང་། ཁོའི་ཕ་ཡུལ་ཕྱོགས་ཀྱི་དུད་ཁྱིམ་རེ་རེའི་ལོ་རེའི་ཡོང་འབབ་མང་ཆེ་བ་དབྱར་རྩྭར་བརྟེན་ཡོད་ལ། སྔོན་ཆད་ཡིན་ན་དབྱར་རྩྭ་བརྐོས་ནས་སྐམ་པོ་ཆགས་རྗེས་གཞི་ནས་གྲོང་དང་གྲོང་ཁྱེར་ཁག་ལ་བཙོང་དུ་འགྲོ་དགོས་ཀྱང་། དེང་སང་དབྱར་རྩྭའི་ཚོང་པ་མང་པོ་རི་ལུང་ཐང་གསུམ་དུ་བསླེབས་ཏེ་དབྱར་རྩྭ་ལག་ཏུ་ཐོན་པ་དང་སྒོར་མོར་བརྗེ་ཆོག་སྟབས། སྒོར་མོ་ཛ་དྲག་ངང་དགོས་མཁོ་ཆེ་བའི་མི་ཚོས་འཕྲལ་དུ་བཙོང་སྟེ་གྱོང་ཆེན་པོ་རག་གི་ཡོད་སྐོར་དང་། དེ་བཞིན་ཁྱིམ་ཚང་མང་པོས་གུར་ཕུབ་ནས་ཉིན་ཞག་མེད་པར་རི་ལུང་ན་བསྡད་ཡོད་པ་དང་། ཉིན་མོར་ཁྱིམ་མི་ཚང་མ་དབྱར་རྩྭ་རྐོ་རུ་ཕྱིན་རྗེས་སྡོད་གུར་ནང་རྐུན་མ་འཛུལ་ཏེ་དབྱར་རྩྭ་སོགས་ཅ་དངོས་རྩ་ཆེན་ཚང་མ་བརྐུས་སོང་བའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་སྐོར་བརྗོད་བྱུང་།

བོད་ཁུལ་དུ་ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་རྐོ་མཁན་ཇེ་མང་དང་དབྱར་རྩྭ་དགུན་འབུ་མང་བའི་ས་ཁུལ་ཁག་ཏུ་དཀའ་རྙོག་མང་པོ་བྱུང་གི་ཡོད་སྟབས། ས་གནས་ཁག་ཏུ་དབྱར་རྩྭ་དགུན་འབུ་རྐོ་ཚོང་དང་འབྲེལ་བའི་སྒྲིག་གཞི་བཟོས་ཡོད་པ་དཔེར་ན། ས་གནས་འགའ་རེ་ནས་སྤྱི་སྙོམ་ཡོང་ཆེད་ཉིན་བརྒྱ་དུས་གཅིག་ལ་དབྱར་རྩྭ་རྐོ་མགོ་འཛུགས་པ་དང་། ས་གནས་གཞན་གྱི་མི་ལ་ས་གླ་དང་མི་གླ་གཏོང་མི་ཆོག་པ། དེ་བཞིན་ཕ་ས་བདག་གཅེས་བྱེད་པའི་ཆེད་དུ་སོ་སོའི་རྩྭ་སའི་ཐོག་དབྱར་རྩྭ་ཡོད་ནའང་མི་རྐོ་བ། དབྱར་རྩྭ་རྐོ་ཚོང་དང་འབྲེལ་བའི་རྙོག་གླེང་རིགས་བྱུང་ན་ཐག་གཅོད་བྱེད་ཕྱོགས་སོགས་ཀྱི་རྩ་འཛིན་སྒྲིག་གཞི་བཟོས་ཡོད་འདུག

ཡང་ཉེ་བའི་ལོ་ཤས་ནང་དཔལ་འབྱོར་གྱི་ཁེ་བཟང་ཆེད། ཚོང་པ་ཁག་ཅིག་གིས་ཚན་རྩལ་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་མགོ་ཚུགས་ཡོད་པ་དང་། འདེབས་འཛུགས་བྱས་པའི་དབྱར་རྩྭ་དེ་རིགས་ཀྱི་རིན་གོང་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལས་དམའ་བོ་ཡོད་ཀྱང་། ཕྱི་ནས་བལྟས་ན་གཉི་ག་འདྲ་བོ་ཡོད་པས་མགོ་སྐོར་འོག་ཚུད་པའི་གནད་དོན་ཡང་བྱུང་གི་ཡོད་འདུག བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་ཉུང་མཐའ་ཡང་ཚན་རྩལ་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་ཡུལ་མི་འདྲ་བ་གསུམ་ཡོད་པ་གཅིག་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་དང་། སི་ཁྲོན་ཞིང་ཆེན་གྱི་བྱང་ཕྱོགས། དེ་བཞིན་སི་ཁྲོན་ཁྲིན་ཏུའུ་ཡི་ཉེ་འགྲམ་ཞིག་ཏུ་ཡོད་ཅིང་།  དེང་སང་དབྱར་རྩྭ་འདེབས་འཛུགས་བྱེད་ཐབས་ལ་ཞིབ་འཇུག་བྱེད་མཁན་ཡང་མི་ཉུང་བ་བྱུང་གི་ཡོད་འདུག

དབྱར་རྩྭ་དགུན་འབུ་པའི་རྒྱུ་ཆ་ཞིབ་འཇུག་པ་ཚོས་བརྗོད་ན། འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་ཡི་ཕྱི་དབྱིབས་སོགས་ནི་རང་བྱུང་དབྱར་རྩྭ་དགུན་འབུ་དང་ཕལ་ཆེར་གཅིག་འདྲ་ཡིན་ཡང་། གྲུབ་ཆ་དང་ཕན་ནུས་ཀྱི་ཐད་ནས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དེ་རང་བྱུང་ལས་ལྡབ་འགྱུར་གྱིས་ཞན་པ་ཡོད་ལ། དེ་ལྟར་ཁྱད་པར་ཡོད་པའི་རྒྱུ་མཚན་གསུམ་བགྲངས་འདུག

གཅིག་གྲུབ་བྱེད་ཀྱི་རྫས་རྒྱུ་མི་འདྲ་བ་སྟེ། རང་བྱུང་ངང་སྐྱེས་པའི་དབྱར་རྩྭ་དགུན་འབུ་ནི་འབུའི་ལུས་དང་དེ་ལས་སྐྱེས་པའི་ཤ་མོའི་རིགས་ཀྱི་རྫས་སྣ་གཉིས་ལས་གྲུབ་ཡོད་པ་དང་། ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་ནི་དབྱར་རྩྭའི་ཤ་མོ་ཡི་གྲུབ་རྫས་ཀྱི་རྨང་གཞིའི་སྟེང་སྐྱེས་པའི་ཤ་མོའི་རང་བཞིན་ཆེ་བའི་རྫས་གཅིག་པུས་གྲུབ་ཡོད་ལ། རང་བྱུང་གི་དབྱར་རྩྭ་དགུན་འབུ་ནི་རང་བྱུང་ཁམས་ནས་སྐྱེས་པའི་འབུའི་ལུས་ལས་བྱུང་བ་དང་། འདེབས་འཛུགས་བྱས་པ་དེ་མིས་ཐབས་ལ་བརྟེན་ནས་གསོས་པ་ཡིན་པས་དེ་གཉིས་ཀྱི་ནང་འདུས་པའི་རྫས་ཀྱི་འདུས་ཚད་ཀྱི་མང་ཉུང་ལ་ཁྱད་པར་ཆེན་པོ་ཡོད་རྐྱེན།  མིའི་བདེ་ཐང་ལ་ཐོན་པའི་ཕན་ནུས་ཐད་ཁྱད་པར་ཆེན་པོ་ཡོད་འདུག

གཉིས་འཚར་སྐྱེས་ཀྱི་དུས་ཡུན་མི་འདྲ་སྟེ། རང་བྱུང་གི་དབྱར་རྩྭ་དགུན་འབུ་ཞིག་སྐྱེ་བར་ལོ་གཉིས་ནས་བཞིའི་དུས་ཡུན་དགོས་ཤིང་། ཡུན་རིང་གི་འཚར་སྐྱེའི་བརྒྱུད་རིམ་ཁྲོད་ད་གཟོད་དབྱར་རྩྭ་དགུན་འབུར་ཁྱད་དུ་ཡོད་པའི་ནད་འགོག་ནུས་པ་སོགས་རིམ་གྱིས་གྲུབ་བཞིན་ཡོད་པ་དང་།   མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་སྐྱེ་བའི་དུས་ཡུན་ནི་ཟླ་གསུམ་ནས་དྲུག་བར་ཡིན་པས། དུས་ཡུན་དེ་འདྲའི་ཐུང་བའི་ནང་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལྟ་བུའི་ནད་འགོག་ནུས་པ་སྟོབས་དང་ལྡན་པ་ཞིག་གྲུབ་ཐབས་མེད་ལ། དེ་ནི་ང་ཚོས་ནམ་རྒྱུན་ཟ་བཞིན་པའི་ཤ་མོ་ལྟ་བུ་ཡིན་ཞིང་། དེར་འདུས་པའི་འཚོ་བཅུད་ནི་ཕལ་ཆེར་ཤ་མོ་ལྟ་བུ་ལས་མེད་འདུག

གསུམ་སྐྱེ་ཡུལ་མི་འདྲ་བ་སྟེ།  རང་བྱུང་གི་དབྱར་རྩྭ་དགུན་འབུ་སྐྱེ་ཡུལ་ནི་ས་བབ་མཐོ་ཚད་ལ་སྨི་བཞི་སྟོང་ཡན་ཟིན་པའི་ས་མཐོ་ཡིན་ཞིང་། ཁོར་ཡུག་ཤིན་ཏུ་གཙང་བས་འབག་བཙོག་ཅི་ཡང་མ་ཐེབས་པ་ཞིག་ཡིན་པ་མ་ཟད།   བོད་ནི་ཉི་མ་ཤར་ཡུན་རིང་ཞིང་། ཉིན་མཚན་གྱི་དྲོ་གྲང་ལ་ཁྱད་པར་ཆེན་པོ་ཡོད་པས། ཉིན་མོའི་དྲོད་བསྡུས་པ་དེ་དག་དགོང་མོ་འཁྱག་པས་བསྡམས་ཏེ་དྲོད་བཅུད་དེ་ཉིན་ཁར་ཉིན་བྱས་ནས་བསྡུས་རྗེས་མཐར་བཅུད་མང་པོ་འདུས་པ་དང་།  མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་སྐྱེ་ཡུལ་ནི་དེ་ལས་ལྡོག་སྟེ་ཁོར་ཡུག་མི་གཙང་བ་མ་ཟད། ད་དུང་མགྱོགས་པོར་སྐྱེ་ཆེད་རྫས་ལུད་བེད་སྤྱོད་མང་པོ་བཏང་ཡོད་པས་གྲུབ་ཆར་སྐྱོན་ཐེབས་ཀྱི་ཡོད་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༠༥

Leave a Reply

One thought on “དབྱར་རྩྭ་དགུན་འབུ་ངོ་མ་དགོས་དང་རྫུན་མ་དགོས།