ཆོས་དབྱིངས་སྐྱིད་ཀྱིས་བསྐྱར་དུ་ཨང་དང་པོ་བླངས།

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སི་པིན་རྒྱལ་སྤྱིའི་མཆོང་རྒྱུག་ལུས་རྩལ་འགྲན་ཚོགས་ཁྲོད་ཨང་དང་པོ་བླངས་ཏེ་འདི་ལོ་གཅིག་པུའི་ནང་རྒྱལ་སྤྱི་རང་བཞིན་གྱི་ཨང་དང་པོའི་གཟེངས་རྟགས་གསུམ་པ་དེ་ཐོབ།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་སི་པིན་རྒྱལ་ཁབ་ནང་ཕྱི་ལོ་ ༢༠༡༨ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འགྲན་ཚོགས་ཚོགས་བཞིན་ཡོད་པ་དང་། འགྲན་ཚོགས་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ ༨༢ ནས་རྩེད་འགྲན་པ་མཉམ་ཞུགས་བྱས་ཡོད་འདུག་ལ། དེ་རིང་བུད་མེད་ཀྱི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་ཁྲོད་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཆུ་ཚོད་ ༡ དང་སྐར་མ་ ༢༦ སྐར་ཆ་ ༥༨ ལས་མ་འགོར་བར་ཨང་དང་པོ་ཐོབ་ཡོད་པ་དང་། མོའི་མགྱོགས་ཚད་སྐར་གྲངས་འདི་ལོའི་བུད་མེད་ལུས་རྩལ་བ་ཡོངས་ཀྱི་ཁྲོད་ནས་མཐོ་ཤོས་དེ་ཆགས་ཡོད་འདུག

འགྲན་སྡུར་མཇུག་སྒྲིལ་རྗེས་ཆོས་དབྱངས་སྐྱིད་ལགས་ཀྱིས་གསར་འགོད་པར། དང་པོ་ནས་ངས་རང་ཉིད་ལ་བཟུང་བའི་དམིགས་ཚད་ནི་ཆུ་ཚོད་ ༡ དང་སྐར་མ་ ༢༧ ལས་མི་འགོར་རྒྱུ་དེ་ཡིན་ཡང་། འགྲན་སྡུར་སྐབས་སྤྱི་ལེ་གཉིས་ཀྱི་རྗེས་སུ་ཇེ་མགྱོགས་སུ་གཏོང་བར་ཚོད་ལྟ་བྱས་ཏེ་མཇུག་འབྲས་ཡག་པོ་བྱུང་སོང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཚོགས་འཆར་ཡོད་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུར་གྲ་སྒྲིག་ཡོད་ཅེས་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་མཆོང་རྒྱུག་ལུས་རྩལ་འགྲན་ཚོགས་དྲ་བའི་སྟེང་ཆོས་དབྱིངས་སྐྱིད་ཀྱི་རྒྱུག་རྩལ་ནི་ཧ་ལས་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཕྱི་ལོ་༢༠༡༢ ལོ་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལ་ཞུགས་ཏེ། རྒྱ་ནག་དང་རྒྱལ་སྤྱིའི་འགྲན་ཚོགས་མང་པོའི་སྟེང་རིམ་པ་མི་འདྲ་བའི་བྱ་དགའ་སྣ་ཚོགས་བླངས་ཡོད་པ་དང་། ད་ལོའི་ཕྱི་ཟླ་༣ པའི་ནང་ཚོགས་པའི་རྒྱལ་སྤྱིའི་འདུར་རྒྱུག་གི་བདམས་གསེས་འགྲན་སྡུར་ཁྲོད་ཨང་དང་པོ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་པོར་ཅི་ཀོ་རྒྱལ་ཁབ་ནས་ཚོགས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་སྤྱི་ལེ་༢༠ འགྲན་སྡུར་ཁྲོད་ཨང་དང་པོ། ཐེངས་འདིའི་སྤྱི་ལེ་ ༢༠ འདུར་རྒྱུག་ཁྲོད་ཨང་དང་པོ་བླངས་པ་བཅས་ད་ལོའི་ལོ་མགོ་ནས་ད་བར་འཛམ་གླིང་རང་བཞིན་གྱི་འདུར་རྒྱུག་འགྲན་སྡུར་གསུམ་གྱི་ཁྲོད་ཨང་དང་པོ་བླངས་ཡོད་འདུག

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང༌། ཆུང་དུས་ནས་ཡུལ་ཚོའི་སློབ་གྲྭར་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་ལོན་ཏོན་ཨོ་རྩལ་ཐོག་ཨང་གཉིས་པའི་དངུལ་གྱི་རྟགས་མ་་ཐོབ་ཡོད་པ་རེད། མོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ཕྱི་ལོ་༢༠༡༣་ལོ་ནས་བོད་ཁུལ་གྱི་ན་གཞོན་མང་པོ་ཞིག་རྒྱ་ནག་དང་རྒྱལ་སྤྱིའི་རྩེད་འགྲན་ཁྲོད་ཞུགས་སྟེ་རིམ་པ་མི་འདྲ་བའི་བྱ་དགའ་ཁག་ཅིག་ཐོབ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༦

Leave a Reply