ཉིན་རེར་འགྱིག་ཤོག་ཐེར་འབུམ་ལྔ་བརྒྱ་ཙམ་བེད་སྤྱོད་གཏོང་གི་འདུག

བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་འགན་འཛིན་ཟླ་བ་སྒྲོལ་མ་ལགས་ཀྱིས་ང་ཚོས་ཕུགས་ལ་བསམ་བློ་མ་བཏང་བར་འཕྲད་སེལ་སྟབས་བདེ་རྐྱང་བྱས་ཏེ་འཛམ་གླིང་ནང་ཉིན་རེར་འགྱིག་ཤོག་ཐེར་འབུམ་ལྔ་བརྒྱ་ཙམ་ཞིག་བེད་སྤྱོད་གཏོང་གི་ཡོད་པས་འགྱིག་ཤོག་གད་སྙིགས་ཧ་ཅང་མང་པོ་ཡོད་པ་རེད་ཅེས་བརྗོད་སོང་།

དེ་རིང་འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་རམ་ས་ལའི་སྲང་ལམ་བཞི་མདོ་རུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་གཙི་བྱས་ཏེ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ཡུལ་སྐོར་བ་སོགས་ལ་ཁོར་ཡུག་ཉིན་མོ་ངོ་སྤྲོད་དང་འབྲེལ། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་སའི་གོ་ལ་ཙམ་མ་ཟད་མི་སྒེར་གྱི་འཚོ་གནས་དང་འབྲེལ་བ་ཆགས་ཡོད་སྐོར་སོགས་སྒྲོག་སྦྱངས་གནང་རྗེས། བྱ་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚོར་ཁོར་ཡུག་ཐད་བསམ་འཆར་ག་རེ་ཡོད་པ་རྣམས་སྦྱར་བྱང་སྟེང་འགོད་དུ་བཅུག་པ་དང་། གཞིས་ཆགས་ཁག་ཏུ་ཤིང་སྡོང་འདེབས་འཛུགས་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་ཟླ་བ་སྒྲོལ་མ་ལགས་ཀྱིས་མི་མང་པོ་ཞིག་ནས་འགྱིག་རིགས་བེད་སྤྱོད་གཏོང་གི་ཡོད་པ་དེ་དག་ལོ་ངོ་བརྒྱ་ཕྲག་རིང་རུལ་ཐུབ་ཀྱི་མེད་པ་དང་།  འགྱིག་རིགས་བེད་སྤྱོད་གཏོང་བའི་ཚབ་ཏུ་ཤོག་བུ་དང་བལ། རས་སོགས་མགྱོགས་པོ་རུལ་ཐུབ་པ་རྣམས་བེད་སྤྱོད་བྱས་ཚེ་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་གསར་འགོད་པར། འཛམ་གླིང་ཁོར་ཡུག་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ལས་འགུལ་མང་པོ་ཞིག་སྤེལ་བསྡད་ཡོད་པ་རེད། དེ་མ་ཡིན་པའི་དུས་ཚོད་ནང་ང་ཚོས་ཁོར་ཡུག་གཙང་མ་བཟོ་བའི་ལས་ཀ་བྱས་བསྡད་ཡོད།  ད་རེས་ང་ཚོས་ག་རེ་ཞུ་རྒྱུ་ཡིན་ལབ་ན། འཛམ་བུ་གླིང་གི་གྲོང་ཁྱེར་དང་ས་ཆ་ག་བར་ཕྱིན་པ་ཡིན་ནའང་། ང་རང་ཚོས་ལས་སླ་བོ་རྐྱང་བསམ་སྟེ་བཟོ་གྲྭས་བཟོས་པའི་ཅ་ལག་ཤ་སྟག་བེད་སྤྱོད་བྱས་ཏེ་ཁོར་ཡུག་བཙོག་པ་ཞེ་དྲག་བཟོ་ཡི་འདུག ད་དུང་ཁོར་ཡུག་བཙོག་པ་བཟོས་པ་མ་ཟད། དེས་ཆུ་དང་ལྷགས་པ། སེམས་ཅན་བ་ཕྱུགས་དང་ཆུའི་སེམས་ཅན་ཉ་སྲིན། བྱ་བྱེའུ་ལ་སོགས་པས་འགྱིག་རིགས་ཟས་ཏེ་སེམས་ཅན་མང་པོ་ཞིག་གི་སྲོག་ཤོར་འགྲོ་ཡི་ཡོད་པ་མ་ཟད། ང་ཚོ་བོད་མི་དང་རྒྱ་གར་བ་ལབ་ན་རེད་མང་པོ་ཞིག་གིས་སེམས་ཅན་དེ་ཚོའི་ཤ་ཟ་ཡི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་མོས། འཛམ་གླིང་གི་གནམ་གཤིས་ལ་འགྱུར་བ་ཐེབས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། གནམ་གཤིས་འགྱུར་བ་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་དེ་འཛམ་གླིང་གི་ས་གདན་ཁོ་རང་བཙོག་པ་བཟོ་བཞག་དུས་རང་བཞིན་གྱིས་འཛམ་གླིང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཡི་ཡོད་པ་རེད། དེ་བཞིན་བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་འཁྲིད་ཡོང་སྟེ་བཙོག་པ་ཞེ་དྲག་བཟོ་ཡི་ཡོད་པ་རེད། སྤྱིར་བཏང་གཞུང་ངོས་ནས་བདག་པོ་ཡག་པོ་ཞིག་བརྒྱབ་ཐུབ་པ་ཡིན་ན་འགྲིག་གི་ཡོད་རེད་དེ་བདག་པོ་བརྒྱབ་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། ད་རེས་ང་རང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་མི་མང་དཀྱུས་མ་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་ཆེད་ལས་འགུལ་འདི་སྤེལ་བ་ཡིན། ཞེས་བརྗོད་བྱུང་།

གད་སྙིགས་ཇེ་མང་དུ་འགྲོ་ཡི་ཡོད་པ་དེས་ཁོར་ཡུག་ལ་གནོད་སྐྱོན་ག་འདྲ་ཐེབས་ཀྱི་ཡོད་མེད་སྐོར་ལ་ཁོར་ཡུག་ཚན་པའི་འགན་འཛིན་ཟླ་བ་སྒྲོལ་མ་ལགས་ཀྱིས། ད་ལོའི་འཛམ་གླིང་ཁོར་ཡུག་གི་བརྗོད་གཞི་ནི་འགྱིག་རིགས་བེད་སྤྱོད་གཏོང་མཚམས་འཇོག་རྒྱུ་དེ་རེད། དེར་བརྟེན་ང་ཚོའི་ངོས་ནས་འགྱིག་རིགས་བེད་སྤྱོད་གཏོང་མཚམས་འཇོག་ཆེད་གད་སྙིགས་སྐོར་ལ་གོ་རྟོགས་སྤེལ་གྱི་ཡོད། ཡིན་ན་ཡང་ངས་བསམ་ན་ང་ཚོས་འགྱིག་ཤོག་བེེད་སྤྱོད་བཏང་ནས་བསྡད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད། འགྱིག་ཤོག་གི་ཚབ་ལ་མགྱོགས་པོ་རུལ་ཐུབ་པ་དེ་འདྲ་བེད་སྤྱོད་གཏོང་ཆོག་པ་རེད། འགྱིག་ཤོག་རྐང་གཅིག་རུལ་བར་ལོ་ངོ་བརྒྱ་ཕྲག་འགྲོ་ཡི་ཡོད། འཛམ་གླིང་ནང་ཉིན་རེར་འགྱོག་ཤོག་ཐེར་འབུམ་ལྔ་བརྒྱ་ཙམ་ཞིག་བེད་སྤྱོད་གཏོང་གི་ཡོད་སྟབས། འཛམ་གླིང་ནང་འགྱིག་ཤོག་གད་སྙིགས་ཧ་ཅང་མང་པོ་ཡོད་པ་རེད། དེ་ཡང་ང་ཚོས་ཕུགས་ལ་བསམ་བློ་མ་བཏང་བར་འཕྲད་སེལ་སྟབས་བདེ་རྐྱང་བྱས་ཏེ་དཀའ་ངལ་མང་པོ་འཕྲད་བསྡད་ཡོད་པ་རེད། ང་ཚོས་འགྱིག་ཤོག་གི་ཚབ་ཏུ་ཤོག་བུ་དང་རས། བལ་སོགས་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད། ཅེས་བརྗོད་སོང་།

གཞན་ཡང་། འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་བལ་ཡུལ་ནང་ཡོད་པའི་ཁྲ་འགུ་བཀྲ་ཤིས་གཏན་ཉིད་སློབ་གྲྭའི་དགེ་རྒན་དང་སློབ་མ་ལྔ་བརྒྱ་ལྷག་གིས། སློབ་གྲྭའི་ཁོར་ཡུག་གཙོ་བོ་བྱས་དེ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མཐའ་འཁོར་དང་ཡུལ་མིའི་སྡོད་ཁུལ་གྱི་སྲང་ལམ་གཡས་གཡོན་སོགས་ཀྱི་གད་སྙིགས་རིགས་ཚང་མ་བཏུས་ཏེ་ཁོར་ཡུག་ཉིན་མོ་སྲུང་གཙི་གནང་། དེ་མིན་བལ་བོའི་སློབ་གྲྭ་ཁག་གིས་ཀྱང་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཞེས་བྲིས་བའི་སྦྱར་ཡིག་དང་། ང་ཚོས་མཉམ་དུ་ལྗང་མདོག་གི་ཁོར་ཡུག་སྐྲུན་དགོས། རང་བྱུང་གི་ལྗོན་པས་སའི་གོ་ལའི་མཛེས་སྡུག་རྣམ་པར་བཀྲ་ཡོད། ཤིང་ནགས་གཅོད་འབྲེག་བྱེད་མི་ཉན་པ་དང་རང་དབང་གི་སྐྱེས་འཚར་བྱེད་དགོས་ཞེས་བའི་པར་རིས་སོགས་བཟུང་སྟེ། གཞུང་ལམ་གཡས་གཡོན་དུ་རུ་སྒྲིག་གིས་གད་སྙིགས་གཙང་བཟོ་བྱེད་དགོས་པ་དང་། ཁོར་ཡུག་འབག་བཙོག་བྱེད་མི་ཉན་ཞེས་པའི་ལས་འགུལ་སྤེལ།

དེ་བཞིན་རྒྱ་གར་ལྷོ་ཕྱོོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དང་མཉམ་འབྲེལ་གྲོང་སྡེ་ཁག་གི་སྤྱི་མི། གཞོན་ནུ་དང་བུད་མེད་ལྷན་ཚོགས། རང་བདེན་ཚོགས་ཆུང་བཅས་ཀྱི་གོ་སྒྲིག་འོག བདེ་སྐྱིད་སླར་གསོ་གཞིས་ལས་ཁང་གི་མདུན་ཐང་དུ་ཤིང་སྣ་མི་འདྲ་བ་༦ ཙམ་ཁྱིམ་ཚང་༦༠༠ ལ་བགོ་འགྲེམས་བྱས་ཏེ། ཤིང་སྣ་འདེབས་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བྱེད་སྒོ་སྤེལ་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

ས་གནས་གསར་འགོད་པ། མགོན་པོ་དང་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༦/༠༦

Leave a Reply