བུ་འཁྲིད་དཀར་པོ་ཆེ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ།

བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ཆེ་ལགས་སུ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཁ་ན་ཌའི་ལོ་རྒྱུས་ཁྲོད་ཀྱི་བོད་རིགས་གྲོས་ཚོགས་འཐུས་མི་ཐོག་མ་དེ་ཆགས།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཁ་ན་ཌའི་ཨོན་ཊ་རོ་(Ontario)མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ཁྲོད། ཕག་ཌིལ་ཧེ་(ParkDaleHigh) ས་གནས་ཀྱི་དམངས་གཙོ་གསར་པའི་ཚོགས་པ་ (New Democrats)ཡི་འོས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་མོ་ལ་འཚམས་འདྲི་གནང་བ་དང་སྦྲགས། བུ་འཁྲིད་དཀར་པོ་ཆེ་ལྟ་བུའི་བོད་རིགས་ན་གཞོན་གང་མང་མང་གིས་རྒྱལ་ཁབ་མང་པོའི་གཞུང་ནང་ཞབས་ཞུ་སྒྲུབ་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་གསུངས་འདུག

བུ་འཁྲིད་དཀར་པོ་ཆེ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། མོ་རང་གི་འོས་འགྲན་པ་རྣམས་དང་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དགོང་ཚོགས་ཐོག དོ་ནུབ་དམིགས་བསལ་གྱིས་བོད་པ་ཚོར་སྐད་ཤུགས་ཆེན་པོས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། དོ་ནུབ་ང་ཚོས་ལོ་རྒྱུས་གསར་པ་ཞིག་བསྐྲུན་ཐུབ་སོང་བ་དང་། དེ་བཞིན་ང་རང་ས་གནས་འདིའི་འཐུས་ཚབ་མི་སྣ་ཞིག་ཏུ་གྱུར་བར་དངོས་གནས་དགའ་སྤོབས་ཆེན་པོ་བྱུང་། སང་ཉིན་ནས་ངས་མུ་མཐུད་མདུན་སྐྱོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་༩ པའི་ཚེས་༡༤ ཉིན་གྱི་པག་ཌིལ་ས་གནས་(Parkdale)ཀྱི་དམངས་གཙོ་ཚོགས་པའི་ཚོགས་འདུའི་ཐོག བུ་འཁྲིད་དཀར་པོ་ཆེ་ལགས་ཕྱི་ལོ་ ༢༠༡༨ ལོའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་པག་ཌིལ་ས་གནས་ཀྱི་འོས་མིར་བདམས་ཡོད་པ་དང་། ཁོང་ནི་ཁ་ན་ཌའི་ལོ་རྒྱུས་ནང་བོད་རིགས་ཤིག་གྲོས་ཚོགས་འཐུས་མི་ཆགས་པ་ཐོག་མ་དེ་ཡིན་འདུག བུ་འཁྲིད་དཀར་པོ་ཆེ་ལགས་ཐོག་མར་ས་གནས་འཐུས་མིར་ལངས་སྐབས། མོ་རང་བཙན་བྱོལ་དུ་ཡོད་པའི་བོད་མིའི་མི་རབས་གསུམ་པ་ཞིག་ཡིན་པའི་ཆ་ནས་ཚོར་བ་དེ་དམིགས་བསལ་ཤུགས་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

ཊོ་རོན་ཊོ་སྐར་མ་ཞེས་པའི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། འོས་བསྡུའི་དྲིལ་བསྒྲགས་སྐབས་མོའི་དམིགས་བསལ་དོ་སྣང་བྱེད་ཡུལ་དེ་ས་གནས་ཡུལ་མིའི་དཔལ་འབྱོར་གནས་བབ་ཡར་རྒྱས་གཏོང་རྒྱུ་དང་། སྤྱི་དམངས་འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་ཐད་ཡིན་པ་དང་། ཐེངས་འདིར་མངའ་སྡེའི་ནང་མོ་རང་མཉམ་དུ་ཆབ་སྲིད་ཚོགས་པ་གསུམ་ནས་འོས་མིར་ལངས་མཁན་མི་གསུམ་སྟེ།  ལྗང་གུ་ཚོགས་པའི་(Green)འོས་མི་ཧེ་ནཱ་ཛ་ལག་ཀི་(Halyna Zalucky)ལགས་ལ་འོས་གྲངས་༢༥༤༤ དང་། རང་དབང་རིང་ལུགས་པའི་ཚོགས་པ་(Liberals)ཡི་འོས་མི་ནཱ་ཌི་ཡ་གྷོ་རི་རཱ་(Nadia Guerrera)ལགས་ལ་འོས་གྲངས་ ༩༢༦༡དང་། མདུན་སྐྱོད་ཡར་སྐུལ་ཚོགས་པའི་(PC)འོས་མི་ཨེ་ཌམ་པམ་(Adam Pham)ལགས་ལ་འོས་གྲངས་ ༩༨༢༡།  དེ་བཞིན་དམངས་གཙོ་གསར་པའི་ཚོགས་པ་ཡི་འོས་མི་བུ་འཁྲིད་དཀར་པོ་ཆེ་ལགས་སུ་འོས་གྲངས་ ༣༢༤༠༧ ཐོབ་ཡོད་འདུག

བུ་འཁྲིད་དཀར་པོ་ཆེ་ལགས་ནི་བལ་ཡུལ་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། གཞི་རིམ་སློབ་གྲྭ་རྒྱ་གར་ནང་ཐོན་ཡོད་པ་དང་། དགུང་ལོ་༡༨ སྟེང་ཁ་ན་ཌའི་ནང་སྐྱབས་བཅོལ་དུ་འབྱོར་ཏེ་སློབ་ཆེན་འགྲིམས་ཏེ།  ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་དམངས་འཕྲོད་བསྟེན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་མ་ཟད། དབྱིན་ཇིའི་ཁོ་ལིམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་(columbia university) ནས་དངོས་ཁམས་ཚན་རིག་ཐོག་རིག་གནས་རབ་འབྱམས་པ་ཐོན།  ད་ལྟའི་ཆར་(Ryerson University)གཙུག་ལག་སློབ་གཉེར་ཁང་དུ་སྤྱི་དམངས་འཕྲོད་བསྟེན་སྲིད་བྱུས་སྐོར་ལ་འབུམ་རམས་པའི་སློབ་སྦྱོང་གནང་གི་ཡོད་པ་དང་། མོའི་ཉམས་ཞིབ་ཆེད་རྩོམ་ཁ་ན་ཌའི་ནང་དུ་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་ག་འདྲ་གཏོང་དགོས་པའི་སྐོར་ཡིན་འདུག

ཁ་ན་ཌའི་ལོ་རྒྱུས་ཁྲོད་ཀྱི་བོད་རིགས་གྲོས་ཚོགས་འཐུས་མི་དང་པོ་བུ་འཁྲིད་དཀར་པོ་ཆེ་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲི་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་ང་ཚོས་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱི་ལེགས་འགྲུབ་ལ་འཚམས་འདྲིའི་སྨོན་འདུན་ཞུ་བཞིན་ཡོད། བོད་པ་ཞིག་ལ་མཚོན་ན་གནས་ཚུལ་འདི་ནི་ང་ཚོ་ཚང་མ་དགའ་འོས་པའི་དོན་བཟང་ཞིག་རེད་ལ། མ་འོངས་པར་མོ་ལྟ་བུའི་བོད་པ་གང་མང་མང་ཞིག་གིས་རྒྱལ་ཁབ་ཁག་གི་གཞུང་འཛིན་ལས་ཁུངས་ནང་ཞབས་ཞུ་ཞུ་ཐུབ་པའི་རེ་བ་རྒྱག་གི་ཡོད་ལ། འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ཡང་ཡིན་པ་རེད། ཅེས་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༨

Leave a Reply

3 thoughts on “བུ་འཁྲིད་དཀར་པོ་ཆེ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ།

  1. གྲོས་ཚོགས་འཐུན་མི་ཆགས་པ་ཡག་པ་རེད།བོད་དོན་བོད་མི་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་རྒྱུ་དཀའ་ལས་ཁག་པོ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་་

    བོད་མི་ཞིག་ཡིན་པའི་ཆ་ནས་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་གི་ཡོད་ལ་མ་འོངས་བོད་ཕྲུག་གཞོན་སྐྱེས་ཚོ་མི་རིགས་འདྲེས་
    མའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཐོབ་ཐང་ལེན་མཁན་ཇི་མང་དུ་འགྲོ་རྒྱུ་ཡིན་པ་དོན་མི་ཟ་ན་རྗེས་ཡོང་ཚང
    མར་ད་ལྟ་ནས་འཚམས་འདྲི་སྔ་འདོན་དུ་ཞུ་གི་ཡོད་།

  3. འབྱོན་ཐང་ཅན་གྱི་མི་རབས་གསར་པ་ཟེར་ན་འདི་འདྲ་རེད། ཁྱེད་ཉིད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་འོངས་པར་ཉིད་ཀྱི་བྱ་བ་ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ད་དུང་བོད་པའི་སློབ་ཆེན་ཁྲོད་འདི་འདྲ་བའི་མི་སྣ་གང་མང་མང་ཐོན་པའི་རེ་བ་དང་སྨོན་འདུན་ཞུ་ལགས། །