སུས་རྒྱ་ནག་ཁ་འཐོར་དུ་གཏོང་གི་འདུག

ཡུ་ཅེས་བརྩམས།
ལོ་མ་རྒྱལ་གྱིས་བསྒྱུར།

ལུའུ་ཞོ་པའོ་དང་པེ་མེ་ཤིན། ཞི་ཅིན་ཕིན་བཅས་ནི། ལོ་རབས་ལྔ་བཅུའི་ནང་དུ་སྐྱེས་ཤིང་གཞི་རིམ་དང་རི་གྲོང་དུ་བསྐྱོད་དེ། གཞོན་དུས་ཀྱི་ལོ་ཟླ་མང་པོ་ཞིག་དེ་ལྟར་སྐྱེལ་བ་འདྲ་འདྲ་ཡིན། ཞི་ཅིན་ཕིན་ནི། དམའ་འབྲིང་གི་རིག་གནས་ཆུ་ཚད་ཅིག་གི་ཐོག་ནས། བཟོ་ཞིང་དམག་མིའི་སློབ་ཆེན་དུ་མཚམས་སྦྱོར་བྱས། ཕྱིས་སུ་དཔོན་པོར་འདུག་ཞོར་དུ་དབང་ཆ་སྤྱད་དེ་ཆིན་ཧྭ་སློབ་ཆེན་དུ་འབུམ་རམས་པའི་མཚན་གནས་བླངས་ཏེ། རྒྱ་ནག་དམར་ཕྱོགས་གཞུང་དབུས་བརྙེས་ནས་འབུམ་རམས་པ་ཞིག་གཞུང་གི་མགོ་ཁྲིད་དུ་སྡོད་མཁན་ཐོག་མ་དེ་རུ་གྱུར། འོན་ཀྱང་། འབུམ་རམས་པ་དེའི་ཤེས་ཡོན་གནས་ཚད་ནི་དམའ་མོ་ཞིག་ཡིན། ལོའུ་ཞོ་པའོ་ནི། བསྐྱར་དུ་མཐོ་རྒྱུགས་ལ་ཞུགས་ཏེ་རང་ཉིད་ཀྱི་ནུས་པར་བརྟེན་ནས་མཐོ་སློབ་དུ་བསྐྱོད་དེ། བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་རྒྱ་ནག་རང་ཉིད་ཀྱིས་གསོ་སྐྱོང་གནང་བའི་རྩོམ་རིག་འབུམ་རམས་པ་ཐོག་མའི་གྲོས་ཡིན། དེ་ནས་རྩོམ་རིག་ལ་བརྟེན་ནས་ཆབ་སྲིད་ལ་དགག་སྒྲུབ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཐར། བཙོན་ཁང་ནས་ཞི་བདེ་གཟེངས་རྟགས་ཐོབ་མཁན་དང་པོར་གྱུར་ཞིང་། མཇུག་མཐར་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་བའི་ཆེད་དུ་སྐུ་ཚེ་རྫོགས། དེ་ནས། པེ་མེ་ཤིན་ནི། ལོ་རབས་བརྒྱད་ཅུའི་མགོ་སྟོད་དུ། སློབ་ཆེན་མཐར་ཕྱིན་རྗེས། ཨ་རིར་སོང་ནས་ཧ་ཝར་སློབ་ཆེན་ནས་ཆབ་སྲིད་རིག་པའི་འབུམ་རམས་པའི་མཚན་གནས་བླངས་ཏེ། ཨ་རིའི་སྐད་གྲགས་ཆེ་བའི་སློབ་ཆེན་དང་ཤེས་ཡོན་སྡེ་ཁག་ནས་ལས་འགན་བཞེས། དེ་ནས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ། གུ་ཡངས་ཅན་དུ་འགྱུར་བཞིན་པའི་རྒྱལ་ཁབ་དག་དམངས་གཙོར་འགྱུར་བཞིན་པ་བཅས་ཀྱི་ཐད་ལ་ཞིབ་འཇུག་གནང་།

ལོ་རབས་ལྔ་བཅུའི་ནང་དུ་སྐྱེས་པའི་འབུམ་རམས་པ་དེ་གསུམ་གྱི་མི་ཚེའི་བརྒྱུད་རིམ་མི་མཚུངས་ཤིང་། ཞི་ཅིན་ཕིན་ནི་མི་རབས་གསར་པའི་དབང་ཆ་སྒེར་འཛིན་པ་ཞིག་ཏུ་གྱུར་པ་དང་། ལོའུ་ཞོ་པའོ་ནི་ཁ་ཞེ་གཉིས་མེད་ཀྱིས་ངོ་རྒོལ་བྱེད་མཁན་ཞིག་ཏུ་གྱུར། པེ་མེ་ཤིན་ནི་ལྷིང་འཇགས་ཀྱི་སློབ་གཉེར་བའི་ལམ་ཁར་ཞུགས། བདག་གིས་འདི་ལྟར་བསམ་བློ་བཏང་མྱོང་སྟེ། རྒྱ་ནག་དམངས་གཙོར་འགྱུར་བར་སྐུལ་སློང་བྱེད་སྐབས། ལོའུ་ཞོ་པའོ་ལྟ་བུ་རྣམས་ཀྱིས་རྒྱ་ནག་ནང་ཁུལ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པ་རྒྱུན་འཁྱོངས་གནང་བ་དང་། པེ་མེ་ཤིན་ལྟ་བུ་རྣམས་ཀྱིས་ནུབ་ཕྱོགས་ཀྱི་ཤེས་ཡོན་སྡེ་ཁག་ནས་ཞིབ་འཇུག་གནང་སྟེ། དམངས་གཙོའི་གཞུང་ལུགས་ལ་རྒྱུས་ལོན་དང་། རྒྱ་ནག་གི་གནད་དོན་ལ་དོ་སྣང་བྱེད་ཀྱིན་པའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་མིའི་ཤེས་ཡོན་པ་དང་ལྷན་དུ་མཉམ་འབྲེལ་བྱས་ཏེ་ལེགས་སྤེལ་ཉེས་འགོག་བྱེད་དགོས། དེ་ལྟར་བྱས་ཚེ། རྒྱ་ནག་གི་གནས་སྟངས་ཇེ་ལེགས་ཇེ་ཡག་ཏུ་འགྲོ་ངེས་ཤིང་། མི་ལས་དགུ་ལས་བྱེད་མཁན་ཞི་ཅིན་ཕིན་དམར་ཕྱོགས་གཞུང་འཇིག་འགྲོ་ངེས།

རྒྱ་ནག་གི་མིང་གྲགས་རྒྱས་པའི་དུས་སྐབས་འདིར། པེ་མེ་ཤིན་གྱིས་ཀྱང་རྒྱ་ནག་གི་མ་འོངས་པའི་ཐད་ལ་སྐྱོ་སྡུག་གི་རྣམ་པ་འཛིན་གྱི་འདུག དེ་ཡང་ཁོས་བསམས་པར། “གལ་ཏེ། ང་ཚོས་ཞིབ་ཚགས་པོས་རྒྱ་ནག་གི་གནས་སྟངས་ལ་ལྟ་ཞིབ་གནང་ཚེ། ད་ལྟའི་རྒྱ་ནག་སྤྱི་ལོ་ཆིག་སྟོང་བརྒྱད་ཅུའི་ནང་དང་བསྡུར་ན་ལྡབ་འགྱུར་གྱིས་འབྱོར་ཕྱུག་ལྡན་པར་གྱུར་ཡོད་ཅིང་། དཔེར་ན། ལྟོ་གོས་དང་། འགྲིམ་འགྲུལ། ནུས་ཤུགས་ཐོན་ཁུངས། སྡོད་ཁང་སོགས་ཧ་ཅང་ཡར་རྒྱས་སུ་སོང་ཡོད་མོད། འོན་ཀྱང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེན་དོན། སྤྱི་དམངས་ཀྱི་དབང་ཆ། ཟས་རིགས་ཀྱི་བདེ་འཇགས། སྨན་རིགས་ཀྱི་བདེ་འཇགས། སློབ་གསོ་སོགས་ཀྱི་གནས་སྟངས་ནི་ཧ་ཅང་རྙོག་འཛིང་དུ་གྱུར་ཡོད་པར་མ་ཟད། ཐ་ན་གནས་སྟངས་ཁ་ཤས་ནི་སྐྱོབ་ཐབས་མེད་པའི་གནས་སུའང་གྱུར་ཡོད།” པེ་མེ་ཤིན་གྱིས་ཀྲང་ཅ་ཏོན(章家敦)ལྟར། “རྒྱ་ནག་ཐོར་ཞིག”ཅེས་གླེང་གི་མེད་ཀྱང་། དམར་ཕྱོགས་གཞུང་ལ་ལྷག་པའི་ཚེ་ཐག་མི་རིང་ཞེས་གསལ་པོར་བརྗོད་ཡོད། ཁོས་དེར་སྒྲུབ་བྱེད་གསུམ་བཀོད་ཡོད་ཅིང་། དང་པོ་ནི། གལ་སྲིད་རྡོ་སྣུམ་མེད་པའི་རྒྱལ་ཁབ་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ཨ་སྒོར་དྲུག་སྟོང་སྒང་དུ་ལེགས་སྒྲིག་གནང་ཐུབ་ཚེ། སྒེར་གཅོད་སྲིད་གཞུང་གནས་ཐབས་མེད། གཉིས་པ་ནི། ལོ་རྒྱུས་ཀྱི་ཐོག་ནས། ཆེས་དུས་ཡུན་རིང་བའི་ར་ཤི་ཡའི་དམར་ཕྱོགས་གཞུང་ཡང་ལོ་བདུན་ཅུ་དོན་བཞི་མ་གཏོགས་གནས་མེད། གསུམ་པ་ནི། རྒྱ་ནག་ལ་ལོ་རེར་སློབ་ཆེན་མཐར་ཕྱིན་པའི་སློབ་མ་ཕལ་ཆེར་ཁྲི་བདུན་བརྒྱ་ཡོད་ཅིང་། དེ་ལས་མི་ཁྲི་བརྒྱ་ཙམ་ཞིག་ལ་མ་གཏོགས་དམར་ཕྱོགས་གཞུང་གི་དམིགས་བསལ་གོ་གནས་དེ་རག་གི་མེད། དེར་བརྟེན། མི་ཁྲི་དྲུག་བརྒྱ་ལ་དམར་ཕྱོགས་གཞུང་དུ་ཞུགས་ཏེ། དཔལ་འབྱོར་མཁོ་སྒྲུབ་བྱེད་པའི་གོ་སྐབས་འཐོབ་ཀྱི་མེད་པས། དེ་ནི་གེགས་དང་བར་ཆད་ཅིག་ཏུ་ཚོར་གྱི་ཡོད། དེ་ནས་མ་འོངས་ལོ་བཅུའི་ནང་དུ། གཞུང་ཕྱོགས་སུ་ཞུགས་མ་ཐུབ་པའི་མི་གྲངས་ཁྲི་ཚོ་སྟོང་ཕྲག་ཁ་ཤས་སུ་བུད་དེ། གཞུང་ཕྱོགས་ལ་ངོ་རྒོལ་བྱེད་མཁན་དུ་འགྱུར་རྒྱུ་རེད། ཁོའི་སྡོམ་ཚིག་ནི། གལ་ཏེ་ལོ་རྒྱུས་ནི་མེ་ལོང་ལྟ་བུ་ཞིག་ཡིན་ཚེ། དམར་ཕྱོགས་གཞུང་ལ་ལོ་བཅུ་ཙམ་ཞིག་གི་ཚེ་ཐག་ལས་མེད་པར་མཐོང་ཐུབ། པེ་ཅིན་གྱི་དབང་འཛིན་པ་རྣམས་ཀྱིས་ཚད་མེད་པའི་སྒོ་ནས་དབང་ཆ་འཛིན་པའི་གོ་སྐབས་མང་པོ་ཞིག་མེད་པར་འདོད་ཀྱི་ཡོད་པར་མ་ཟད། ཞི་འཇམ་གྱི་སྒོ་ནས་དབང་ཆ་བརྗེ་སྤོར་གྱི་སྐོར་ལའང་བསམ་བློ་གཏོང་འགོ་བརྩམས་ཡོད་ངེས། འོན་ཀྱང་། ཞི་ཅིན་ཕིན་གྱིས་གནས་ཚུལ་དེ་ནི་རྣ་རྒྱབ་ཀྱི་ལྷགས་པ་ལྟར་སྣང་མེད་དུ་བསྐྱུར་ངེས།

དྲང་མོར་བཤད་ན། གོང་གི་སྒྲུབ་བྱེད་དེ་གསུམ་ལས་ཀྱང་ཛ་དྲག་རང་བཞིན་གྱི་དོན་དངོས་ཞིག་ཡོད་པ་ནི། དྲག་སྐྱེད་དཀའ་བའི་རྒྱ་གཞུང་གི་ནད་རྙིང་རུལ་སུངས་རེད། པེ་མེ་ཤིན་གྱི<< རྒྱ་ནག་གཡོ་འཚོང་། >> ( མ་གཞི་དེབ་འདིའི་མིང་ལ<< རྒྱ་ནག་ཁ་གཏོར།>> ཞེས་བཏགས་ན་འོས་འཚམ་རེད།) ཞེས་པའི་དེབ་ལས། ཐུན་མོང་རང་བཞིན་གྱི་རུལ་སུངས་གི་དོན་རྐྱེན་ཉིས་བརྒྱ་དྲུག་ཅུ་ལ་ཞིབ་འཇུག་གནང་འདུག་པར་མ་ཟད། རྒྱ་ནག་གི་རུལ་སུངས་ཁྲོམ་རའི་རྩ་བའི་འཕེལ་ཕྱོགས་དང་སྒྲིག་གཞི་དེའང་གསལ་སྟོན་གནང་འདུག ད་དུང་དེབ་དེས་རྒྱ་ནག་གི་དཔོན་པོ་དང་ཚོང་པ་ལྐོག་འབྲེལ་དང་། དཔོན་རིགས་ཕན་ཚུན་ལྐོག་འབྲེལ། ཉེན་རྟོག་པ་དང་ཇག་པ་ལྐོག་འབྲེལ། དྲང་བདེན་མ་ཡིན་པའི་ཁྲིམས་ལུགས་ལག་བསྟར་བཅས་ཀྱི་རུལ་སུངས་ཀྱི་ངོས་ནག་པོ་དེ་རྗེན་པར་བསྟན་ཡོད། རྒྱ་གཞུང་གིས་དཔལ་འབྱོར་སྨྲ་བ། ཧོ་ཨན་ཀང(胡鞍钢)དང་། ལིན་ཡེ་ཧྤི(林毅夫)སོགས་བེད་སྤྱད་དེ། རུལ་སུངས་ནི་རྒྱ་ནག་གི་སྤྱི་ཚོགས་ཡར་རྒྱས་འགྲོ་བར་མེད་དུ་མི་རུང་བའི་རིན་དོད་ཅིག་དང་། དཔལ་འབྱོར་ཡར་རྒྱས་འགྲོ་བའི་སྒུལ་ཤུགས་ཡིན་པར་སྒྲོག་ཏུ་འཇུག་གི་ཡོད། ཐ་ན་རྒྱ་ནག་གཞུང་གི་བརྒྱུད་ལམ། <<གོ་ལའི་དུས་བབ།>>སྟེང་དུའང། “དཔོན་རིགས་ཀྱི་རྒྱུ་ནོར་ཕྱིར་བསྒྲགས་པ་ནི། རུལ་སུངས་འགོག་པར་ཕན་ཐོགས་མེད།” ཅེས་བཀོད་དེ་གླེང་ཡོད་ཅིང་། དམར་དམར་རྗེན་རྗེན་གྱི་སྒོ་ནས་དཔོན་རིགས་ཀྱི་རྒྱུ་ནོར་ཕྱིར་བསྒྲགས་བྱས་ན་ཚབས་ཆེ་བའི་ཉེན་ཁ་ཡོད་པར་འཇིགས་སྣང་སྐུལ་བཞིན་ཡོད། “ཉེན་ཚབས་ཆེ་བའི་གནད་དོན་མང་པོ་ཞིག་འབྱུང་ལ་ཉེ་ཞིང་། རྒྱ་ནག་གི་སྤྱི་ཚོགས་ནི་ང་ཚོས་སྟངས་འཛིན་བྱེད་ཐབས་བྲལ་བའི་རྙོག་ཟིང་གི་གནས་སྟངས་ཞིག་ཏུ་ལྷུང་རྒྱུ་རེད།” དེ་ནས་པེ་མེ་ཤིན་གྱིས་བདེན་པར་སྣང་ཡང་རྫུན་དུ་འགྲོ་བའི་ལྟ་ཚུལ་དེ་དག་ལ་འདི་ལྟར་དགག་སྒྲུབ་དྲག་པོ་གནང་གི་ཡོད། “དབང་ཆེན་མ་རྩ་རིང་ལུགས་པ་རྣམས་ཀྱིས་སྲིད་གཞུང་སྡེ་ཁག་ཉེན་ཚབས་ཀྱི་གནས་སུ་སྐྱེལ་འདུག་ལ། ཕྱི་ཚུལ་ནས་བལྟས་ན། རྒྱ་ནག་སྟོབས་ཆེ་བར་མངོན་ཡང་། དོན་དངོས་སུ་ཉམས་རྒུད་དུ་ཕྱིན་ཡོད།”

 རུལ་སུངས་ཀྱིས་རྒྱ་གཞུང་ནག་ཚོགས་ཅན་དུ་སྒྱུར་བཞིན་པ།

འཇར་མན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། “རྒྱལ་སྤྱིའི་མེ་ལོང་ཚོགས་པ།” ཡིས་ལོ་རེར་རྒྱལ་ཁབ་བཟང་ཤོས་ཀྱི་ཨང་རིམ་ཞིག་སྒྲོག་གི་ཡོད་པ་རེད། ཨང་རིམ་དེའི་ཁྲོད་ནས་རྒྱ་ནག་ནི་ནམ་ཡང་འོག་རིམ་ཞིག་ཏུ་གནས་ཀྱི་ཡོད་སྟབས། རྒྱ་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་ཧྭ་ཁྲིན་ཡེན(华春莹)གྱིས་གསར་འགོད་ལྷན་ཚོགས་ཐོག “རྒྱལ་ཁབ་བཟང་ཤོས་ཀྱི་ཨང་རིམ་དེ་དང་། རྒྱ་གཞུང་གིས་རུལ་སུངས་འགོག་རྒོལ་བྱས་པའི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དེ་གཉིས་དོ་མཉམ་པ་ཞིག་མ་རེད། རྒྱ་གཞུང་གིས་རུལ་སུངས་ལ་འགོག་རྒོལ་བྱས་ཏེ། གྲུབ་འབྲས་བླངས་ཡོད་པར་རྒྱ་ཆེའི་མི་དམངས་རྣམས་ནས་དྲང་བདེན་གྱིས་གདེང་འཇོག་གནང་གི་ཡོད་ཅིང་། རྒྱལ་སྤྱིའི་མེ་ལོང་ཚོགས་པའི་རྒྱལ་ཁབ་བཟང་ཤོས་ཀྱི་ཨང་རིམ་དེར་བསྟུན་དགོས་དོན་མེད།” རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཏོན་པའི་སྐྱོན་བརྗོད་རང་བཞིན་གྱི་བསམ་འཆར་ལ་གཏན་ནས་ཉན་གྱི་མེད།རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་གྱི་ལམ་ལུགས་ལ་རྩ་བའི་འགྱུར་བ་ཞིག་ཐེབས་མེད་པས། རུལ་སུངས་གྱི་དཀའ་ངལ་ནི་སེལ་ཐེབས་མེད་པ་ཞིག་ཡིན། པེ་མེ་ཤིན་གྱིས་བརྗོད་དོན། “དབང་ཤུགས་ལམ་ལུགས་ཀྱི་འོག་ནས་འཕེལ་རྒྱས་ཕྱིན་པའི་དཔལ་འབྱོར་དེས་དབང་ཆེན་མ་རྩ་རིང་ལུགས་འབྱུང་བར་བྱེད་པའི་རྒྱུ་མཚན་ནི། དབང་སྒྱུར་པས་དཔལ་འབྱོར་གྱི་ཐོན་ཁུངས་འབོར་ཆེན་དང་། ཐོན་རྫས་ཀྱི་དབང་ཆ་སོགས་ལ་སྟངས་འཛིན་བྱེད་པ་དེ་ཡིན།” <<རྒྱ་ནག་གཡོ་འཚོང་།>>ཞེས་པའི་དེབ་འདིའི་ནང་དུ། རྩོམ་པ་པོས་རྒྱལ་ཁབ་ཀྱི་ཁེ་ལས་རང་བཞིན་སྐོར་ལ་ཞིབ་འཇུག་གནང་འདུག ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཡིན་ནའང་རེད། ཁྱབ་ཁོངས་དང་ལས་རིགས་གང་ཞིག་རྒྱལ་ཁབ་རང་བཞིན་གྱི་རྣམ་པའི་ཐོག་ནས་འཁོར་སྐྱོད་བྱས་ཚེ། རུལ་སུངས་ཀྱི་དབང་དུ་འགྲོ་བཞིན་ཡོད་སྟབས། མི་དམངས་ཀྱིས་སྐད་འབོད་གནང་སྟེ་ངོ་རྒོལ་བྱེད་ཀྱི་ཡོད། དཔེར་ན། སྦྲགས་ཁང་དང་ལྕགས་ལམ་ལྟ་བུ་རེད། རྒྱ་ནག་ལ་མཚོན་ན། རྒྱལ་ཁབ་ཀྱི་ཁེ་ལས་ཚོགས་པ་ཕལ་མོ་ཆེའི་དོ་དམ་སྒྲིག་སྲོལ་ནི་ཐབས་ཆགས་ཤིག་ཡིན་ཞིང་། “རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ལས་མགོ་ཁྲིད་ནི་རྒྱལ་པོ་ཞིག་དང་འདྲ་བས། རང་ཉིད་ཀྱི་མངའ་ཁོངས་ན་མི་ལས་དགུ་ལས་བྱེད་ཀྱི་ཡོད།” ཞི་ཅིན་ཕིན་གྱི་རྒྱ་ནག་གི་རྩ་ཁྲིམས་ནས་ཚད་དང་ལྡན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལོ་ཡུན་དེ་མེད་པར་མ་བཟོས་པའི་སྔོན་དུ། རྒྱལ་ཁབ་ཀྱི་ཁེ་ལས་ཚོགས་པའི་མགོ་ཁྲིད་ཚོས་དུས་ཡུན་ལ་ཚད་མེད་པའི་སྒོ་ནས་དབང་ཆ་བཟུང་ཆོག དེབ་དེའི་ནང་དུ་ད་དུང་ཉེན་རྟོག་པ་དང་། ཁྲིམས་དཔོན་སོགས་ཀྱི་རུལ་སུངས་སྐོར་ཡང་བརྗོད་འདུག “ཁྲིམས་ཁང་གི་མི་སྣ་དང་ནག་ཚོགས་ལྐོག་འབྲེལ་བྱེད་ཀྱི་ཡོད་པ་དེ་ནི་ཤེས་དཀའ་བ་ཞིག་མ་རེད། ནག་ཚོགས་ཀྱི་མགོ་བས་དྲག་སྤྱོད་ལ་བརྟེན་ནས་ནག་ཉེས་བསགས་ཀྱང་། ཚོང་པས་དཔོན་རིགས་ཚོར་ལྐོག་འབྲེལ་བྱེད་པ་ལྟར། ཉེན་རྟོག་པས་ནག་ཚོགས་ལ་ལྐོག་འབྲེལ་བྱེད་ཀྱི་ཡོད།”

ཕྱིར་མངོན་པའི་རུལ་སུངས་ཀྱི་དོན་རྐྱེན་ཁྲོད་ནས་ཤེས་ཐུབ་པ་ཞིག་ནི། ཆབ་སྲིད་ནག་ཚོགས་ལ་འགྱུར་བཞིན་པ་ནི་རྒྱ་ནག་གི་རྒྱུན་ལྡན་གྱི་རྣམ་པ་གསར་པ་ཞིག་ཡིན་པ་དེ་རེད། “ཆེས་ཉེན་ཚབས་ཆེ་བའི་གནས་སྟངས་ཀྱི་སྐབས་སུ། དཔོན་རིགས་དང་ཚོང་པ། ནག་ཚོགས་བཅས་ཀྱིས་གྲུབ་པའི་རུལ་སུངས་ཀྱི་ཚོགས་པ་དེས་ས་གནས་སྲིད་གཞུང་ལ་སྟངས་འཛིན་བྱས་ཏེ། ས་གནས་སྲིད་གཞུང་ནག་ཚོགས་ཀྱི་ངོ་བོར་སྒྱུར་གྱི་ཡོད། ས་གནས་དཔོན་རིགས་རུལ་སུངས་ཚོགས་པས་ད་དུང་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་བར་ལ་འགལ་བ་འཕར་མའང་སྤྲོད་ཀྱི་ཡོད། དཔོན་རིགས་ངན་འབྲེལ་བྱས་ཏེ་ས་གནས་ཀྱི་དབང་ཆ་ལོག་པར་སྤྱོད་པ་ལ་བརྟེན་ནས། མང་ཚོགས་དང་ས་གནས་སྲིད་གཞུང་གཉིས་ཀྱི་འགལ་བ་ཛ་དྲག་ཏུ་གཏོང་གི་ཡོད་ཅིང་། མང་ཚོགས་ཀྱི་ངོས་ཐད་ལ། དོན་རྐྱེན་དང་དྲག་སྤྱོད་ཀྱི་ངོ་རྒོལ་སློང་ཆོག་ཆོག་བྱེད་ཀྱི་ཡོད།” རྒྱུ་མཚན་ནི། མཐོ་རིམ་དབང་ཆའི་རིམ་པར་ཡོད་པའི་གཞུང་གི་མགོ་ཁྲིད་རྣམས་རུལ་སུངས་སུ་གྱུར་ཚེ། དབང་སྒྱུར་གནང་སའི་ས་གནས་དེའང་རུལ་སུངས་ཀྱི་ཕྱོགས་སུ་འགྲོ་བ་གཏན་ཁེལ་རེད། དེ་ཡང་། “མི་གཅིག་དཔོན་དུ་བཞུགས། བྱ་ཁྱི་གནམ་དུ་འཕུར།”ཞེས་པ་དང་། “དར་ན་མཉམ་དར། རྒུད་ན་མཉམ་རྒུད།”ཅེས་བརྗོད་པ་ལྟར་ཡིན་ཞིང་། པེ་མེ་ཤིན་གྱིས་བརྗོད་དོན། “ནག་ཚོགས་ཀྱི་མགོ་བ་ངོ་མའི་གནོད་སྐྱོན་རང་བཞིན་དེ། དབང་ཆ་སྒེར་འཛིན་བྱེད་མཁན་གཞུང་གི་མགོ་ཁྲིད་དང་བསྡུར་ན། དེ་འདྲའི་ཚབས་ཆེན་ཞིག་མིན་ཞིང་། རུལ་སུངས་སུ་གྱུར་པའི་གཞུང་གི་མགོ་ཁྲིད་རྣམས་ཀྱིས་གལ་འགངས་ཆེ་བའི་ལས་དོན་རྣམས་མི་གཞན་ལ་བཀོད་མངགས་བྱེད་པ་དང་། མི་དེ་རྣམས་ཀྱིས་སྤྱི་ཚོགས་ལ་གནོད་པའི་ལས་སྒྲུབ་ཀྱི་ཡོད།”

པེ་ཅིན་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་འབུམ་རམས་པ་ཧྥིན་ཅིན་ཆི(冯军旗)ནི། སྔོན་ཆད་ཧུའུ་ནན་ཞིན་ཡན་གྱི་རྫོང་དཔོན་ཞིག་གི་ལས་རོགས་ཡིན་ཞིང་། སྐབས་དེར་ཁོས་དཔོན་རིགས་བརྒྱ་སྐོར་ཞིག་ལ་ཞིབ་ཚགས་པོས་བཅར་འདྲི་གནང་བར་མ་ཟད། རྫོང་དང་གྲོང་ཚོའི་ལས་བྱེད་པའི་གོ་གནས་འཕེལ་རིམ་ལའང་ཞིབ་ཚགས་པོས་ཞིབ་འཇུག་གནང་སྟེ། ཆབ་སྲིད་ཀྱི་འཁོར་ལོའི་ལྟེ་བ་ཞིག་ཤེས་རྟོགས་བྱུང་། དེ་ཡང་། གྲོང་ཚོ་རིམ་པ་གོང་མ་ཡན་ཆད་ཀྱི་ལས་བྱེད་པ་ཆིག་སྟོང་ཡོད་པའི་ཞིང་བཟོ་ཅན་གྱི་རྫོང་ཞིག་ཏུ། ཆབ་སྲིད་ཀྱི”ཁྱིམ་རྒྱུད་ཆེན་པོ”ཉེར་གཅིག་ཡོད་པ་དང་། ཆབ་སྲིད་ཀྱི”ཁྱིམ་རྒྱུད་ཆུང་བ”བརྒྱ་དང་བཞི་བཅུ་ཡོད་པར་ཤེས། དེ་འདྲའི་གཞི་རྒྱ་ཆེ་བའི”ཆབ་སྲིད་ཁྱིམ་རྒྱུད”ཀྱི་འབྲེལ་བའི་ཁྲོད་ན། གསང་བའི་རང་བཞིན་ཅན་གྱི་མི་མངོན་པའི་ལམ་ལུགས་ཤིག་མཆིས་ཤིང་། དཔོན་རོགས་ཁ་ཤས་ནི་གཏན་འཇགས་ཀྱི་དཔོན་པོ་ཡིན་པ་དང་། ཡང་ན་མི་རབས་ཁ་ཤས་ལ་གོ་གནས་དེ་ཆབ་སྲིད་ཁྱིམ་རྒྱུད་དེས་འཛིན་གྱི་ཡོད། ཡང་ན། གཉེན་ཉེ་འབྲེལ་སོགས་ཀྱིས་མུ་མཐུད་ནས་གོ་གནས་དེ་འཛིན་གྱི་ཡོད། གང་ལྟར། རྫོང་རིམ་པའི་ཡན་ཆད་དང་། ཐ་ན་གྲོང་ཚོ་རིམ་པའི་ཡན་ཆད་ཀྱི་དཔོན་རིགས་ཚོའི་བུ་དང་བུ་མོ་རྣམས་ལ་མར་ལྷུང་རྒྱུ་མེད་པའི་གོ་བབ་ཅིག་ཡོད། ཁོ་ཚོའི་ལས་ཀ་ནི་ལས་ཁུངས་ཀྱི་དར་རྒུད་དང་བསྟུན་ནས་འགྱུར་བ་ཐེབས་ཀྱི་ཡོད། དེ་བས་ཀྱང་དངངས་འཚབ་སྐྱེས་དགོས་པ་ཞིག་ནི། ཆབ་སྲིད་ཁྱིམ་རྒྱུད་རྣམས་ཀྱི་བར་ལ་འགལ་བའི་རྣམ་པ་ཞིག་མེད་པར། ཕན་ཚུན་གཉེན་འབྲེལ་དང་། གཉེན་ཉེ་ཡི་འབྲེལ་བའི་རྣམ་པའི་ཐོག་ནས་མུ་མཐུད་ནས་ཆབ་སྲིད་ཁྱིམ་རྒྱུད་དེ་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་དེ་རེད། “ཕལ་ཆེར་ཁེར་རྐྱང་དུ་ལྷག་པའི་ཁྱིམ་རྒྱུད་ཅིག་མེད་པ་འདྲ།” ཆབ་སྲིད་ཀྱི་དབང་ཆ་ནི། དེ་ལྟར་ཁྱིམ་རྒྱུད་དང་ཁྱིམ་རྒྱུད་ལ་གཏད་དེ་འགྲོ་བཞིན་ཡོད་སྟབས། ཁྱིམ་རྒྱུད་རྩ་གཏོར་མ་བྱས་བར་དུ་ཆབ་སྲིད་ཁྱིམ་རྒྱུད་ཀྱི་རྣམ་པ་དེ་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། ཧྥིན་ཅིན་ཆི་ཡིས་ཤེས་རྟོགས་བྱུང་བ་ལྟར་ན། ཆབ་སྲིད་ཁྱིམ་རྒྱུད་བརྒྱ་དང་དྲུག་ཅུ་རེ་གཅིག་གིས་ཞིན་ཡན་རྫོང་གི་ཆབ་སྲིད་སྡེ་ཁག་རྣམས་བཟུང་འདུག ཆབ་སྲིད་ཁྱིམ་རྒྱུད་ཀྱི་བུ་དང་བུ་མོ་རྣམས་ནི། དབང་ཆའི་གོ་གནས་ཀྱི་རིམ་པ་སོ་སོ་ན་ཡོད་པར་མ་ཟད། ད་དུང་ཁྱིམ་རྒྱུད་དེ་ཕྱི་ལའང་རྒྱ་སྐྱེད་བྱེད་ཀྱི་ཡོད། དེ་ཡང་ཉེ་འབྲེལ་དང་གཉེན་སྒྲིག་གི་ལམ་ཁ་བརྒྱུད་དེ་ཞིང་ཆེན་གཞན་དང་ས་ཁུལ་གཞན། ཐ་ན་པེ་ཅིན་གྱི་ཕྱོགས་ལའང་དབང་ཤུགས་རྒྱ་སྐྱེད་བྱེད་ཀྱི་ཡོད། ཆབ་སྲིད་ཁྱིམ་རྒྱུད་དེ་དག་ནག་ཚོགས་རང་བཞིན་ཅན་ཞིག་ཡིན་པ་དང་། དབང་ཆའི་ཐད་ནས་ཀྱང་སྲ་བརྟན་དུ་གྱུར་ཡོད་པས། གནས་ཚུལ་དེས་ས་གནས་སྲིད་གཞུང་ལམ་ལུགས་དེ་རུལ་སུངས་སུ་གྱུར་ཡོད་པ་དེ་སྟོན་གྱི་ཡོད་པར་མ་ཟད། པེ་མེ་ཤིན་གྱི་ཐག་གཅོད་དང་དབྱེ་ཞིབ་དེའང་བདེན་པར་བསྒྲུབས་ཡོད།

མུ་འགོད། 

བསྐྱར་བཅོས།: ༢༠༡༨/༠༦/༠༨

Leave a Reply

One thought on “སུས་རྒྱ་ནག་ཁ་འཐོར་དུ་གཏོང་གི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་་

    དེང་སང་འཛམ་གླིང་ནང་བུམ་རམ་པ་ས་དང་རྡོ་ལས་
    མང་བ་འདུག་རུང་དྲང་བདེན་དང་གཞན་ཕན་གྱི་བསམ་
    བློ་ཡོད་པའི་བུམ་རམ་ཉིན་སྐར་ཙམ་ལས་མ་མཐོང་།