བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ།

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་ཏེ་ལོ་ངོ་ཧྲིན་པོ་ལྔ་ཕྱིན་པའི་ཉིན་མོ་དང་བསྟུན་བོད་སྤྱི་པའི་རྩ་དོན་ཆེད་ལས་ཀ་བྱེད་མཁན་ཞིག་ཡིན་ན་ཆོལ་ཁ་སོགས་ཀྱི་ཁྱད་པར་མེད་པར་བོད་མི་ཚང་མས་རྒྱབ་རྩ་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་༢ པའི་སྟེང་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། མདོ་སྨད་དབུས་རྒྱུན་གྱི་གོ་སྒྲིག་འོག བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ་ཞེས་པའི་ཚོགས་འདུ་ཞིག་ཚོགས་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དབུས་གདན་ཞུའི་སྐུ་མགྲོན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་པའི་ཉིན་མོ་སྲུང་གཙི་བྱེད་དགོས་དོན་སྐོར་ལ་ཁོང་གིས། གླིང་ཚས་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་ཞི་བའི་འཐབ་རྩོད་གནང་བ་རེད། མི་མང་པོ་ཞིག་གིས་ད་ལྟའི་མདོ་སྨད་དབུས་རྒྱུན་གྱིས་གླིང་ཚའི་སྐོར་ལ་ལས་འགུལ་སྤེལ་གྱི་མི་འདུག་ཅེས་བཤད་ཡོང་གི་འདུག ངས་གནད་དོན་འདི་ཚོགས་པ་རེ་གཉིས་དང་མི་རེ་གཉིས་ཀྱིས་ལག་པ་འཆང་ས་ཞིག་མིན་པར། ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་གནང་བ་ཡིན་དུས་གླིང་ཚའི་གནད་དོན་འདི་བོད་སྤྱི་པའི་གནད་དོན་ཞིག་ཡིན་སྟབས། ངས་རིམ་པར་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་ལ་རེ་བ་བརྒྱབས་པ་ཡིན། ཡིན་ཡང་མཐའ་མ་དེར་ལས་ཀ་བྱེད་མཁན་མ་རག་པ་རེད། དེ་རིང་འདི་ནས་གླིང་ཚ་གླེང་བ་ཟེར་བའི་ཚོགས་འདུ་ཚོགས་བཞིན་པ་འདི་ནི་ཐབས་ཤེས་མེད་པའི་ཐབས་ཟེར་བ་དེ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཨ་མ་གཅིག་ལས་རྒྱབ་རྩ་གང་ཡང་མེད་ཀྱང་། གླིང་ཚས་སུའི་དོན་དུ་ལས་འགུལ་སྤེལ་མིན་དེར་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་ཀྱི་ཡོད་པ་དང་། བོད་མི་རིགས་ཀྱི་དཔའ་བོ་ཞིག་ལ་རྒྱབ་རྩ་མེད་པར་འདི་ལྟར་ང་ཚོའི་མིག་མདུན་ནས་བོར་བརླག་བྱུང་བ་དེ་ཕམ་ཁ་ཆེན་པོ་ཞིག་ཡིན་ལ་། ཁོང་གླིང་ཚ་ཚེ་བརྟན་རྡོ་རྗེ་འཚོལ་བར་རྒྱ་གར་གྱི་ས་ཆ་མང་པོར་སོང་ནས་མི་མང་པོ་ཞིག་ལ་རེ་བ་བརྒྱབས་ཡོད་ཀྱང་། མཐའ་མ་དེར་ཞི་བའི་གོམ་བགྲོད་སྐབས་ཀྱི་རྐང་འཁོར་དེ་མ་གཏོགས་རྙེད་མེད་པ་དང་། རྐང་འཁོར་དེ་ད་ལྟ་ད་དུང་ཡང་ཁོའི་ལག་ཏུ་ཡོད་པ་དང་། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་ཐེངས་མང་པོར་མོ་ལ་སྤྲོད་རོགས་ཞེས་བཤད་ན་ཡང་། མོའི་སེམས་ལ་སྐྱོ་སྣང་དང་བློ་ཕམ་ཡོང་བར་དོགས་ནས་སྤྲད་མེད་སྐོར་དང་། ང་ཚོ་སུ་དང་སུ་ཡིན་ནའང་དངོས་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་ལས་དོན་བྱེད་མཁན་ཞིག་ཡིན་ན་དེ་ལ་རྒྱབ་རྩ་ཡོད་མེད་དང་དཔུང་རོགས་ཡོད་མེད། ཁེ་ཕན་ཡོད་མེད་ཙམ་ཞིག་ལ་མི་ལྟ་བར་བོད་མི་ཚང་མས་རྒྱབ་རྩ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་གྱི་ཡོད་སྐོར་གཏམ་བཤད་གནང་སྐབས། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་གི་ཞི་བའི་འཐབ་རྩོད་གནང་སྟངས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་དང་མཐུན་པ་མ་ཟད། འཐབ་རྩོད་ཀྱི་བརྒྱུད་རིམ་ཚང་མ་དེ་ག་རང་གི་སྒང་ལ་སོང་བ་ཞིག་ཚོར་བསྡད་ཡོད། ཁོང་གི་འཐབ་རྩོད་ལ་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སུས་ཀྱང་བརྒྱུད་སྐུལ་བྱས་པ་མ་ཡིན་པར། ཁོང་གིས་ཞི་བའི་འཐབ་རྩོད་དེ་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་པ་རྙེད་པའི་སྒང་ནས་གནང་བ་ཞིག་ཡིན་ལ། ཁོང་གི་མི་རིགས་ཀྱི་ལ་རྒྱ་དང་ཞི་བའི་འཐབ་རྩོད་ཀྱི་སྙིང་སྟོབས་སླེབས་སྟངས་ཚང་མར་རྒྱུས་ལོན་བྱས་པ་ཡིན་ན་ཁོང་གི་ལངས་ཕྱོགས་དབུ་མའི་ལམ་ཡིན་པ་གསལ་བོ་ཡིན་སྐོར་བརྗོད་སོང་།

ཡང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་འཐབ་རྩོད་གནང་སྟངས་ལ་བཙན་བྱོལ་ནང་དོ་སྣང་ག་འདྲ་ཡོད་མེད་ཀྱི་སྐོར་ལ་ཁོང་གིས། བོད་མིའི་སྒྲིག་འཛུགས་དང་ཤེས་ཡོན་པ་ཚོའི་སྡེ་རུ་ཁོང་གི་ཞི་བའི་འཐབ་རྩོད་ཀྱི་སྐོར་ལ་དོ་སྣང་དང་ངེས་རྟོགས་ཀྱི་ཚད་ངེས་ཅན་ཞིག་ཏུ་བསླེབས་ཡོད་པ་དང་། ལྷག་པར་དུ་ཤེས་ཡོན་པ་ཚོས་དོ་སྣང་བྱེད་སའི་འཐབ་རྩོད་ཀྱི་སྡིངས་ཆ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ན་ཡང་གཞི་རིམ་མི་མང་དང་མི་མང་དཀྱུས་མའི་ནང་ཤེས་ཡོན་མ་ཡོད་པས་ཡིན་ནམ། ཡང་ན་མི་མང་ཟེར་བ་དེ་དུས་དུས་སུ་འགུལ་སྐྱོད་བྱེད་པ་མ་གཏོགས་ནམ་རྒྱུན་བྱེད་ཀྱི་མེད་པ་ཡིན་དུས་གླིང་ཚའི་ཞི་བའི་འཐབ་རྩོད་ཀྱི་མཚན་གནས་རྗེས་འབྲེལ་གྱི་གནས་སྟངས་ཤུགས་ཆེན་པོ་དེ་ཙམ་མིན་པའི་ཚོར་སྣང་ཡོང་སྐོར་སོགས་བརྗོད་སོང་།

དེ་ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་བོད་ཀྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་པ་སུ་དང་སུ་ཡིན་ཡང་བོད་དོན་འཐབ་རྩོད་ཁྲོད་དཀའ་ངལ་ག་རེ་འཕྲད་པ་ཡིན་ནའང་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་རྒྱབ་སྐྱོར་ཡོད་པ་མ་ཟད། དཔའ་བོ་ཁོང་གི་ཆེད་ནུས་པ་གང་ཡོད་སྤུངས་འདོད་ཡོད་སྐོར་དང་། གླིང་ཚ་ཁོང་སྒང་ཏོག་ནས་བོར་བརླག་བྱུང་མ་ཐག་གནས་ཚུལ་རག་ཐབས་བྱས་ཡོད་ན་ང་ཚོར་ལག་པ་འཇུ་ས་ཕྲན་བུ་ཞིག་ཡོད་སྲིད་ཀྱང་། ད་ལྟ་དུས་ཚོད་ཧ་ཅང་འགོར་དྲགས་སོང་སྐོར་དང་། བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་ཡིན་ཕྱིན་ཆོལ་ཁ་དང་ཆོས་ལུགས་སོགས་ལ་འབྲེལ་བ་གང་ཡང་མེད་པར་ང་ཚོའི་ངོས་ནས་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་བོ་ལྔ་ཕྱིན་པ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་གནང་སྒོ་གང་ཡོད་སྐོར་ལ་ཁོང་གིས། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་བོ་ལྔ་ཕྱིན་པ་དང་། ཁོང་གི་གནས་བབ་ག་འདྲ་ཆགས་ཡོད་དམ་བསམ་པའི་གནས་ཚུལ་དེ་བསམ་བློའི་ནང་ཡང་ཡང་དྲན་གྱི་ཡོད་པ་དང་། རྒྱལ་གཅེས་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་མཚོན་ན་བཙན་བྱོལ་ནང་བསླེབས་རྗེས་གཞི་ནས་མི་རིགས་ཀྱི་ལ་རྒྱ་བསླེབས་པ་ཞིག་མ་ཡིན་པར།  རང་ལོ་བཅུ་གསུམ་བཅུ་བཞི་ནས་བཟུང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་བྱས་ཏེ་ཁ་གཏད་གཅོག་འདུག་མཁན་ཞིག་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། གླིང་ཚ་ཚེ་བརྟན་རྡོ་རྗེ་སྐོར་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་ཡོད་ཚང་མས་ཁྲིམས་སྒྲིག་དང་ལུང་དྲངས་ནས་ག་འདྲ་ཞུ་དགོས་པ་དང་། ཐབས་ལམ་ག་འདྲ་ཞིག་བརྒྱུད་དེ་གནས་བབ་ག་འདྲ་ཞིག་ལ་སླེབས་པ་བྱེད་ཀྱི་ཡིན་སོགས་ལ་ཀླད་པ་དཀྲུག་ནས་གནད་དོན་ཤེས་པ་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་གཅིག་པུ་ཙམ་མ་ཡིོན་པར་གནས་ཚང་རྒྱ་གར་གྱི་འབྲེལ་ཡོད་སྡེ་ཁག་ལ་སྐབས་དེར་ཁོང་ལམ་ཁ་ག་འདྲ་ཞིག་དང་གནས་སྟངས་ག་འདྲ་ཞིག་གི་འོག་ནས་སོང་ཡོད་མེད་རྩད་ཞིབ་དགོས་པའི་རེ་ཞུ་ཞུས་པ་ཡིན་ན་ཞུ་ས་མེད་པ་མིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༨

Leave a Reply

11 thoughts on “བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ།

  1. གཞུང་པ་ཚེ་དབང་བསོད་ནམས་་

    སྔ་མོ་བོད་ཀྱི་གཏམ་དཔེ་ལ་མི་ལ་མི་བདག་མེད་ཀྱང་རོ་ལ་རོ་བདག་དགོས་ཟེར་བ་ལྟར་
    དེ་སྔོན་གླིང་ཚ་རྡ་ས་ནས་ཕེབས་སྐྱེལ་ཞུ་མཁན་གྱི་ཚོགས་སྐྱིད་ཚོའི་གླིང་ཚ་ཥི་གསོན་གྱི་
    གནས་ཚུལ་སྒྲུག་དགོས་པའི་ལས་འགན་མེད་པ་ཡིན་ནམ་།