མངའ་ཁུལ་བདག་དབང་ལ་གུས་བརྩི་མེད་ན་ལས་གཞི་དང་ལེན་མེད།

རྒྱ་ནག་ཧྲང་ཧེ་མཉམ་འབྲེལ་ཚོགས་འདུའི་ཐོག་རྒྱལ་ཁབ་༨ ཀྱི་སྐུ་ཚབ་འཛོམས་ཏེ་རྒྱའི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ལས་གཞིའི་སྐོར་ལ་བགྲོ་གླེང་བྱས་མཐར་རྒྱ་གར་གྱིས་ལས་གཞི་དང་ལེན་གནང་མི་འདུགཟླ་འདིའི་ཕྱི་ཚེས་ ༨ ནས་༩ བར་རྒྱ་ནག་གི་གྲོང་ཁྱེར་ཆིན་ཏོ་(青岛) རུ་ཚོགས་པའི་ཧྲང་ཧེ་མཉམ་འབྲེལ་ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་༨ ཀྱི་སྲིད་འཛིན་དང་སྲིད་བློན་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་དཔལ་འབྱོར་ལས་གཞིར་རྒྱལ་ཁབ་སོ་སོས་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་དང་ས་རྟགས་རྒྱག་ཏུ་བཅུག་ཡོད་ཀྱང་། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་དཔལ་འབྱོར་ལས་གཞི་དེས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་དབང་ལ་གུས་བརྩི་བྱས་མེད་པས་ངོས་བཞེས་གནང་ཐབས་མེད་སྐོར་གསུངས་ནས་རྒྱབ་སྐྱོར་གནང་མེད་པའི་གནས་ཚུལ་འདུག

དེ་ཡང་ཧིན་རྡུ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་ཐོག་ཏུ་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་རྒྱ་གར་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་རྒྱུ་དེ་དམིགས་ཡུལ་དང་པོར་འཛིན་གྱི་ཡོད་ལ། ལས་གཞི་གང་ཞིག་གིས་ཕན་ཚུན་གྱི་མངའ་ཁུལ་བདག་དབང་དང་ས་ཁུལ་དབང་སྒྱུར་ལ་གུས་བརྩི་བྱས་པ་ཡིན་ན་དགའ་བསུའི་ངང་ནས་དང་ལེན་བྱེད་ཆོག་མོད། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་ནས་པཱ་ཀི་སི་ཐན་གྱི་རྒྱ་གར་བར་རྩོད་རྙོག་ཡོད་པའི་ས་ཁུལ་ནང་ཨ་སྒོར་ཐེར་འབུམ་ ༥༠ ལྷག་བཏང་ཡོད་པ་དང་། ལས་གཞི་དེས་ཕྱོགས་གཉིས་ཀྱི་མངའ་ཁུལ་བདག་དབང་གི་གནད་དོན་གཙོ་སྙིང་ལ་སྣང་མེད་བཏང་ཡོད་པས་ངོས་ལེན་གཏན་ནས་བྱེད་ཐབས་མི་འདུག ཅེས་གསུངས་ཡོད་འདུག

ཐེངས་འདིའི་ཧྲང་ཧེ་མཉམ་འབྲེལ་ཚོགས་འདུའི་ཐོག་མཉམ་ཞུགས་བྱས་པའི་རྒྱལ་ཁབ་ཨུ་རུ་སུ་དང་པ་ཀི་སི་ཐན། ཀ་ཛ་ཀི་སི་ཐན། ཨོ་ཛཱ་བྷེ་སི་ཐན། ཁར་གྷེ་ཛི་སི་ཐན། ཏ་ཇིག་སི་ཐན། རྒྱ་ནག རྒྱ་གར་བཅས་ཡིན་པ་དང་། རྒྱལ་ཁབ་དེ་དག་ཚང་མས་རྒྱ་ནག་གི་སྣེ་འཁྲིད་པའི་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་དང་དེ་ལ་ཁེ་ཕན་ཆེན་པོ་ཡོད་པའི་གཏམ་བཤད་སོགས་སྤེལ་ཡོད་ཀྱང་། རྒྱ་གར་གྱིས་དངོས་སུ་རྒྱ་ནག་གཞུང་ལ་གདོང་དང་གདོང་གཏད་དེ་ལས་གཞི་དང་ལེན་གནང་མི་འདུག

རྒྱུད་གཅིག་ལམ་གཅིག་ཟེར་བ་དེ་ཕྱི་ལོ་ ༢༠༡༣ ལོ་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་མགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ལྷོ་ཨེ་ཤ་ཡ་དང་ཨེ་ཤ་ཡ་དཀྱིལ་མ་གཙོ་བོར་གྱུར་བའི་ཨ་རབ་རྒྱལ་ཁབ་ཁག་དང་ཨ་ཧྥེ་རི་ཁ་གླིང་། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་འབྲེལ་མཐུད་ཀྱིས་གོ་ལ་གཅིག་གྱུར་དང་དཔལ་འབྱོར་མཉམ་འབྲེལ་གཏོང་ཐབས་ཡིན་སྐོར་བརྗོད་ཀྱི་ཡོད་ན་ཡང་། སྔར་ལོ་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ ༢༨ ཀྱིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་བསྒྲགས་ཡིག་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་མེད་པ་དང་། དེ་བཞིན་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་གྲས་རྒྱ་གར་གྱི་གཙོས་པའི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཁག་ཅིག་ནས་ལས་གཞི་དེའི་རྒྱབ་ལྗོངས་ཕྱི་གསལ་ནང་གསལ་མིན་པ་དང་རྒྱ་ནག་རང་གི་དཔལ་འབྱོར་ཁེ་ཕན་ཧམ་ལེན་བྱེད་པའི་ཐབས་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་གནང་སྟེ་ངོས་ལེན་དང་རྒྱབ་སྐྱོར་གནང་གི་མེད་པ་རེད།

ཧྲང་ཧེ་མཉམ་འབྲེལ་ཚོགས་འདུའི་ཐོག་ཏུའང་ཞི་ཅིན་ཕིན་གྱིས་རྒྱུད་གཅིག་ལམ་གཅིག་ནི་འཛམ་གླིང་ཡོངས་ལ་ཁེ་ཕན་ཆེ་བའི་རྒྱ་ནག་གི་གསར་གཏོད་ལས་གཞི་ཞིག་ཡིན་ལ། ལས་གཞི་དེར་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་ཡོད་པ་དང་། ལས་གཞི་དེའི་ཁྲོད་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༡༢༦ ཡས་མས་བཏང་ཡོད་ལ། ལས་གཞི་དེའི་ཁྲོད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ལ་ཆེད་དུ་དམིགས་ནས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བརྩི་འཇོག་དང་དཔལ་འབྱོར་མཉམ་ལས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གོང་སྤེལ་གཏོང་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་ཆར་ལས་གཞི་དེར་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་ ༨༠ ལྷག་གིས་དང་ལེན་དང་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༡

Leave a Reply