དྷ་རམ་ས་ལ་དང་ས་ཐག་རིང་ཡང་སེམས་ཐག་ཉེ།

དོན་འགྲུབ་བཀྲ་ཤིས།

ཉེ་ལམ་ཟླ་གཅིག་དང་ཕྱེད་ཙམ་རིང་ང་བལ་ཡུལ་གྱི་ས་ཁུལ་ཁག་བཞི་ལ་སྐོར་སྐྱོད་བྱས་པ་ཡིན། ས་ཁུལ་དེ་དག་ནི་བལ་ཡུལ་ལྷོ་ཕྱོགས་ཝ་ལུང་དང་། ཤར་ཕྱོགས་ཤར་ཁུམ་བུ། བྱང་ཤར་ར་སུ་ཝ། དེ་བཞིན། བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌི་ཁུལ་བཅས་རེད། བོད་མི་མང་སྤྱི་འཐུས་སྐབས་རེ་ལ་ས་གནས་མི་མང་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་གཉིས་ཡོད། དང་པོ། སྤྱི་འཐུས་སྐབས་གསར་པ་རེ་ཕེབས་སྐབས་མི་མང་ལ་འཚམས་འདྲིར་སྐྱོད་དགོས་པ་དང་། གཉིས་པ། ས་གནས་ཁག་ཏུ་ལས་དོན་ཕྱོགས་སྐྱོད་དུ་ལོ་གཉིས་ལ་ཐེངས་གཉིས་འགྲོ་དགོས།

ང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ནང་སླེབས་མ་ཐག མི་མང་ལ་འཚམས་གཟིགས་སུ་འགྲོ་ས་ལ་དྭགས་འཁེལ་སོང་ལ། ལས་དོན་ཕྱོགས་སྐྱོད་དུ་འགྲོ་ས་བལ་ཡུལ་མཐའ་མཚམས་འཁེལ་སོང་། དེ་ནི་རང་མོས་ལྟར་བདམས་པ་མ་ཡིན་པར་སྤྱི་འཐུས་རྒྱུན་ལས་ཀྱིས་རྒྱན་བརྒྱབ་སྟེ་བབས་པ་རེད། ང་ལ་ལས་ཀྱིས་བསྐོས་པའི་ས་གནས་དེ་གཉིས་ནི། རྒྱལ་བལ་འབྲུག་གསུམ་ནང་བོད་པའི་གཞིས་ཆགས་ ༤༥ ཙམ་ཡོད་པའི་ཁྲོད་ནས། དྷ་རམ་ས་ལ་དང་བར་ཐག་རིང་ཤོས། ཕ་ཡུལ་གངས་ལྗོངས་དང་བར་ཐག་ཉེ་ཤོས། འཚོ་བའི་མཐུན་རྐྱེན་སྐྱོ་ཤོས། ས་མགོ་མཐོ་ཞིང་གནམ་གཤིས་གྲང་བ། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་འབྲོག་ལས་གཉེར་བཞིན་པའི་གཞིས་ཆགས་ཁོ་ན་དེའང་ཡིན་ཟེར་ཆོག

ཕྱི་ལོ་ ༢༠༡༦ ལོར་ལ་དྭགས་སུ་གནས་སྡོད་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་དང་ངེད་གཉིས་ལ་དྭགས་བྱང་ཐང་ས་གནས་དགུ་དང་རྒྱལ་ས་སླེ་སོགས་སུ་འཚམས་གཟིགས་སུ་བསྐྱོད་པ་ཡིན། ༢༠༡༧ ལོར་བལ་ཡུལ་དུ་གནས་སྡོད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་ངེད་གཉིས་བལ་ཡུལ་ནང་ཕྱོགས་སྐྱོད་ཐེངས་དང་པོ་བྱས་པ་དང་། ད་ལོ་སླར་ཡང་ཕྱི་ཟླ་ ༤ པའི་ཚེས་ ༡༣ ཉིན་ནས་ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་བར་ཉིན་ ༤༢ རིང་། ང་རང་གཅིག་པུ་བལ་ཡུལ་ནང་སྐོར་སྐྱོད་ཐེངས་གཉིས་པ་བྱས་པ་ཡིན།

བོད་མི་མང་སྤྱི་འཐུས་ཕྱོགས་སྐྱོད་ལ་ལས་འགན་གཙོ་བོ་གཉིས་ཡོད། གཅིག ས་གནས་ཀྱི་གནས་སྟངས་ལ་ཞིབ་འཇུག་དང་མི་མང་གི་བདེ་སྡུག་དང་རེ་འདུན་ལ་གསན་ཞིབ་བྱས་ཏེ་ཡར་དྷ་རམ་ས་ལར་འཁྱེར་ཡོང་རྒྱུ་དང་། གཉིས་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་༧གོང་ས་མཆོག་གི་མཛད་འཕྲིན། བོད་ནང་གི་གནས་སྟངས་སོགས་མར་མི་མང་ལ་ངོ་སྤྲོད་གནང་རྒྱུ་དེ་རེད། ས་གནས་མི་མང་ལ་མཚོན་ནའང་སྤྱི་འཐུས་ཕྱོགས་སྐྱོད་དེ་མི་མང་གི་བདེ་བ་སྡུག་བསྔལ་ཐད་ཀར་བཀའ་ཤག་ལ་བསྐྱལ་མཁན་གྱི་བརྒྱུད་ལམ་ཉག་གཅིག་དེ་ཆགས་ཡོད།

ངས་དེ་རིང་བལ་བོའི་ལྷོ་ཕྱོགས་ཝ་ལུང་དུ་སྐྱོད་པའི་སྐོར་ཞུ་རྒྱུ་ཡིན། ཝ་ལུང་ཞེས་པ་ནི་ས་གནས་དེའི་སྤྱི་མིང་ལྟ་བུ་དང་། རྫོང་སྲིད་གཞུང་ཡོད་ས་དེར་ཏབ་ལེ་ལྗོངས་(དབྱིན་ཡིག་ནང་ Taplejung ཞེས་འཁོད་འདུག་པར་དཔྱད་ན། སྔ་མའི་བོད་མིང་ ‘སྟབས་ལེགས་ལྗོངས’ ‘རྟ་ལེགས་ལྗོངས’ གང་རུང་མིན་ནམ་སྙམ། གཤམ་ནས་ས་མིང་དང་ཐ་སྙད་རིགས་སྒྲ་སྒྱུར་བྱ་རྒྱུ་ཡིན།)ཟེར། ས་གནས་དེ་ཁུལ་དུ་ཝ་ལུང་དང་ཡང་དམག  དགུན་ས། ཐུགས་དམ་སོགས་ལྔའི་ནང་བོད་པ་ཁ་ཐོར་ ༢༥༠ ཙམ་ཡོད་པ་ལས། བོད་པའི་གཞིས་ཆགས་ཨ་མ་ཡོད་ས་དེར་ཕོ་ལེ་བསམ་འཕེལ་གླིང་ཟེར།ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༩ ཉིན་གྱི་ཞོགས་པ་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌི་ནས་ཐོན་པ་ཡིན། ང་ལ་ལམ་ཁྲིད་སོགས་ཀྱི་རོགས་རམ་གནང་མཁན་བལ་ཡུལ་ཤ་ཝ་ར་གསུམ་ས་གནས་མགོ་འཛིན་བྱམས་པ་དོན་གྲུབ་ལགས་དང་། ཕོ་ལེ་བསམ་འཕེལ་གླིང་རང་བདེན་ཚོགས་ཆུང་གི་ཚོགས་མི་ཆོས་རྒྱན་ལགས་དང་། བསྟན་འཛིན་དཔལ་ལྡན་ལགས་བཅས་ང་ཚོ་མི་ ༤ ཡོད། བལ་ཡུལ་ཀ་ཐ་མན་ཌི་ནས་མཁའ་ལམ་བརྒྱུད་དེ་ཆུ་ཚོད་གཅིག་ཙམ་ཕྱིན་པ་དང་། དེ་ནས་རླངས་འཁོར་ནང་ཉིན་གཅིག་བསྐྱོད་རྗེས་ཏབ་ལེ་ལྗོངས་སུ་འབྱོར་ཏེ་ཞག་སྡོད་བྱས། ས་གནས་དེ་ནི་ཝ་ལུང་ཁུལ་གྱི་རྫོང་སྲིད་གཞུང་ཡོད་ས་དེ་རེད། དེ་གར་ཉིན་གཅིག་བསྡད་རྗེས་རླངས་འཁོར་ནང་མུ་མཐུད་དུ་ཉིན་ཕྱེད་ཙམ་བསྐྱོད་རྗེས་ཏབ་ལེ་ཐོག་(Tapethok)ཅེས་པར་འབྱོར་བ་དང་། ས་དེ་ནས་རླངས་འཁོར་ལམ་ཁ་མེད་སྟབས། ང་ཚོས་ལམ་བྲོ་དང་དགུན་ལྭ། དབྱུག་རྟེན་སོགས་གྲ་སྒྲིག་བྱས་ཏེ་རྐང་ཐང་དུ་བསྐྱོད་མགོ་བརྩམས་པ་ཡིན།ཝ་ལུང་ཞེས་པ་ནི་བོད་ནང་གི་སྟོད་གཏིང་སྐྱེས་དང་ས་འབྲེལ་རེད། ས་ཁུལ་དེའི་ཤར་ཕྱོགས་བོད་དང་ལྷོ་ཕྱོགས་འབྲས་ལྗོངས། རྒྱ་གར་དར་རྒྱས་གླིང་དང་ས་འབྲེལ་རེད། ལུང་པ་ཡོངས་རྫོགས་ནང་པ་ཡིན་པ་མ་ཟད། བལ་ཡུལ་ phikkal ཞེས་པ་ནས་ཡར་སོང་ན་ ‘རོང་པ’(བོད་རིགས་ཚོས་བལ་བོའི་མི་རིགས་སྣ་རིང་པོ་དང་ས་མདོག་ནག་པོ་Chhetri དང་ Bahun ཟེར་བ་སོགས་ལ་རོང་པ་ཟེར་གྱི་འདུག)ཇེ་ཉུང་དང་། གཟུགས་བྱད་ཆ་ལུགས་བོད་པ་དང་གཅིག་པ་ཡིན་པའི་ཤར་པ་དང་ལེམ་སྦུ་(Limbu)། རཱ་ཡེ་(Rai)ཟེར་བ་སོགས་ཇེ་མང་རེད། བུད་མེད་རྒན་པ་མང་ཆེ་བས་ཕྱུ་བ་གྱོན་པ་དང་། སྐྱེས་པ་མང་ཆེ་བའི་ལག་མགོར་ཕྲེང་བ་དང་སྐེ་རུ་ཕྱག་མདུད་བཏགས་འདུག གྲོང་སྡེ་དང་ལམ་ཟུར་དག་ན་མཆོད་རྟེན་དང་དུད་ཚང་དག་གི་སྟེང་དུ་རླུང་རྟ་མཐོང་རྒྱུ་འདུག

གྲོང་སྡེ་གང་དུ་བསླེབས་ཀྱང་ཁྱིམ་ཚང་གི་ཟ་ཁང་དང་མགྲོན་ཁང་སྟབས་བདེ་རེ་འདུག་ཀྱང་། ཟ་མ་ཕལ་ཆེ་བ་ཌལ་བྷ་ཏཱི་(Dal-bhat)ཟེར་བ་དེ་རེད། མགྲོན་ཁང་དུ་ཞག་སྡོད་བྱས་ན་ཟས་རིན་མ་གཏོགས་མགྲོན་ཁང་གི་གླ་ཆ་ལེན་གྱི་མི་འདུག “ཟ་མ་ཞིམ་ཤོས་གྲོད་ཁོག་ལྟོགས་པའི་སྐབས་ཀྱི་ཟ་མ་དེ་ཡིན” ཟེར་བ་ལྟར། ང་རྒྱ་གར་ནང་སྐྱབས་བཅོལ་དུ་བསླེབས་ཏེ་ལོ་ངོ་ ༡༦ ལྷག་ཕྱིན་ཡང་། རྒྱ་གར་གྱི་ཇ་ངར་མོ་དང་། འབྲས་དང་ཌལ་ལི་ཟ་རྒྱུ་གོམས་མ་སོང་མོད། ཐེངས་འདིར་བལ་ཡུལ་ནང་ཟླ་གཅིག་ལྷག་སྐོར་སྐྱོད་སྐབས། གྲོང་གསེབ་ཁུལ་དུ་ཌལ་པ་ཏཱི་མ་གཏོགས་ཟ་རྒྱུ་མེད་པ་དང་། ཉིན་གང་བོར་རྐང་ཐང་དུ་བསྐྱོད་དེ་གྲོད་ཁོག་ལྟོག་པ་སོགས་ལ་བརྟེན་ཏེ། ཌལ་བྷ་ཏཱི་ཟ་རྒྱུར་གོམས་སོང་པ་མ་ཟད། ཧ་ཅང་ཞིམ་པོ་ཡིན་པའི་སྣང་བའང་སྐྱེས་བྱུང་།

ཤིང་ནགས་སྟུག་པོའི་ལུང་གཞུང་དེ་ནས་ཡར་སྐྱོད་སྐབས། ལམ་ཟུར་དང་ཆུ་འགྲམ་དག་ན་རྒྱ་ནག་གིས་བཟོས་པའི་གླང་དམར་(红牛)དང་། (ལྷ་སའི་སྦི་རག)སོགས་ཀྱི་སྣོད་སྟོང་། སྟེང་ན་རྒྱ་ཡིག་ཡོད་པའི་ཞོར་ཟས་འདྲ་མིན་གྱི་གད་སྙིགས་གང་སར་མཐོང་རྒྱུ་འདུག ཐ་ན་ཅ་ལག་འཁུར་མཁན་གླ་བ་དག་གི་རྐང་མགོའི་ལྷམ་ཡང་རྒྱ་ནག་གི་དམག་ལྷམ་ཁ་སེར་(解放鞋)ཟེར་བ་དེ་རེད་ལ། ང་ཚོ་ཞགས་སྡོད་བྱེད་སའི་གནས་ཚང་གི་ཉལ་ཆས་དང་ཇ་ཕོར་སོགས་ཀྱང་རྒྱ་ནག་གི་རེད།ང་ཚོ་རྐང་ཐང་དུ་ཉིན་གཅིག་དང་ཕྱེད་ཀར་བསྐྱོད་རྗེས། གཞི་ནས་ཝ་ལུང་གི་བསུ་ཆང་སྐྱེལ་མཁན་སྔ་ཕྱི་གཉིས་འབྱོར་བྱུང་། (བསུ་ཆང་སྐྱེལ་མཁན་ཚོས་ཇ་ངར་མོ་དང་བག་ལེབ། རྒྱ་ནག་གིས་བཟོས་པའི་གླང་དམར་དང་ལྷ་སའི་སྦི་རག་སོགས་བསྣམས་འདུག) ཉིན་བཞི་པའི་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་གཞི་ནས་ཝ་ལུང་ཞེས་པའི་གྲོང་སྡེ་དེར་འབྱོར་སོང་། ས་དེར་འདས་པའི་ལོ་ངོ་དྲུག་ཅུ་མ་ཟིན་ཙམ་རིང་། བོད་མི་མང་སྤྱི་འཐུས་བསླེབས་པ་དང་པོ་ཡིན་འདུག

ཕྱི་ཉིན་ཞོགས་པ་སྔ་པོ་ནས་ང་ཚོ་སྡོད་སའི་གནས་ཚང་གི་སྒོ་ཁ་ན་མི་མང་པོ་འཚང་ཁ་ཤིག་ཤིག་གིས། ཝ་ལུང་སྡེ་བའི་དུད་ཚང་རེ་ནས་བུད་མེད་གཅིག་རེ་ཡིས་ལག་ཏུ་ཇ་ཚ་དམ་གང་རེ་བཟུང་སྟེ་མགྲོན་པོར་འཚམས་འདྲི་ཞུ་བར་བསླེབས་འདུག ཝ་ལུང་ནས་བོད་ཀྱི་ས་མཚམས་བར་སྤྱི་ལེ་ ༢༤ ཙམ་ལས་མི་འདུག བལ་བོ་ནས་ཕར་ཝ་ལུང་བར་རླངས་འཁོར་ལམ་ཁ་བཟོ་ཐུབ་མེད་ཀྱང་། རྒྱ་ནག་གིས་ཚུར་ཝ་ལུང་གྲོང་སྡེ་བར་ལམ་ཁ་སྐྱ་ཐང་ངེར་བཟོས་འདུག བོད་ནང་གི་སྟོད་གཏིང་སྐྱེས་དང་བལ་ཡུལ་ཝ་ལུང་བར་འགྲོ་འོང་ཤུགས་ཆེན་པོ་ཡིན་པ་མ་ཟད། ཕར་ཚུར་མནའ་མ་མག་པར་འགྲོ་མཁན་ཡང་མང་པོ་ཡོད་པ་དང་། མནའ་མ་མག་པ་དེ་དག་ལོ་ལྟར་ཕྱིར་བོད་ནང་གཉེན་འཕྲད་དུ་བསྐྱོད་དེ་ཟླ་བ་གཅིག་གཉིས་བསྡད་དེ་ཕྱིར་ལོག་གི་ཡོད་འདུག

སྔོན་ཆད་བོད་སྟོད་གཏིང་སྐྱེས་ཀྱི་བུད་མེད་ཚོས་ལའི་ཕར་རྒྱབ་བལ་ཡུལ་དུ་མནའ་མར་འགྲོ་རྒྱུར་ “ཕྱི་རྒྱལ་དུ་འགྲོ་བ” ཞེས་དགའ་བོ་བྱེད་པ་དང་། ཉིས་སྟོང་ལོའི་ཡར་སྔོན་དུ་དཔལ་འབྱོར་དང་ས་ཆའི་གནས་སྟངས་གང་ཐད་ནས་ཕར་ཕྱོགས་གཏིང་སྐྱེས་ལས་ཚུར་ཕྱོགས་ཝ་ལུང་ཡག་པོ་ཡོད་ཀྱང་། ཕྱིས་སུ་རྒྱ་གཞུང་གིས་གཏིང་སྐྱེས་ས་ཁུལ་འཛུགས་སྐྲུན་བྱས་ཏེ་མི་མང་གི་དཔལ་འབྱོར་ཡར་རྒྱས་བཏང་ཡོད་སྟབས། དེང་སྐབས་ལའི་ཕར་རྒྱབ་ཚུར་རྒྱབ་བར་དབྱར་དགུན་ལྟ་བུའི་ཁྱད་པར་ཤོར་ཏེ། ཝ་ལུང་གི་མི་ཚོ་ཕར་གཏིང་སྐྱེས་ལ་འགྲོ་རྒྱུར་ཧེབ་ལངས་བཞིན་ཡོད་འདུག འོན་ཀྱང་སྔར་ལོ་ནས་རྒྱ་ནག་གཞུང་གིས་ས་མཚམས་དམ་དྲག་བྱས་ཏེ། དབྱར་ཁའི་ཚོང་ལམ་ཙམ་ལས་མནའ་མ་མག་པར་འགྲོ་བ་བཀག་སྡོམ་བྱས་ཡོད་པ་མ་ཟད། སྔ་ལོར་གཏིང་སྐྱེས་ཀྱི་བུད་མེད་ཅིག་ཝ་ལུང་ལ་མནའ་མར་ཡོང་སྟེ་ཉིན་ཤས་རྗེས་རྒྱ་ནག་གི་དམག་མི་བསླེབས་ཏེ་ཕྱིར་བཙན་འཁྲིད་བྱས་ཡོད་འདུགལོ་ལྟར་ཕྱི་ཟླ་དྲུག་པ་བདུན་པའི་ནང་ཝ་ལུང་དང་ཡང་དམག ཕོ་ལེ། དགུན་ས་སོགས་ཀྱི་ཕོ་གསར་ཚོས་མར་དང་ཕྱུར་བ། ཧོང་ལཱེན་ཞེས་པའི་སྨན་རྩྭ། རྒྱ་གར་དང་བལ་བོ་ནས་ཐོན་པའི་གྱོན་གོས་དང་ཅ་དངོས་སོགས་གཡག་ལ་བཀལ་ཏེ། ཕར་བོད་ནང་གི་སྟོད་གཏིང་སྐྱེས་རྫོང་དང་རི་བོ་ཤཱིང་སོགས་སུ་ཚོང་རྒྱག་པར་བསྐྱོད་དེ། བོད་ནས་འབྲས་དང་ཚ། ནས། རྒྱ་ནག་གིས་བཟོས་པའི་ཅ་དངོས་ཙག་ཙིག་ལ་བརྗེ་བོ་བརྒྱབ་སྟེ་སྟོན་མཇུག་ཕྱིར་ལོག་གི་ཡོད་པ་དང་། ཝ་ལུང་ས་ཁུལ་གྱི་ཟ་འབྲུ་མང་ཆེ་བ་བོད་ནས་དབོར་བཞིན་ཡོད་འདུག

ས་གནས་དེ་ཁུལ་གྱི་སྐྱེས་པ་མང་ཆེ་བས་བཏུང་བའམ་སྐྱེམས་པ་ཞེས་པའི་ཆང་དེ་མང་པོ་འཐུང་གི་འདུག ཆང་མང་པོ་འཐུང་ན་ཡག་པོ་མེད་སྐོར་བཤད་ན། ས་འདིར་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པས་སྐྱེམས་པ་ཏོག་ཙམ་འཐུང་ན་ལུས་ལ་དྲོད་སྐྱེ་གི་རེད་ཟེར། ཁྱིམ་ཚང་གང་དུ་སོང་ཡང་དང་པོ་ཇ་ལྡུག་པ་དང་། དེ་རྗེས་སྐྱེམས་ཆང་འཁྱེར་ཡོང་གི་འདུག མི་རེ་ཟུང་གིས་ཞོགས་པ་སྔ་པོ་ནས་སྐྱེམས་པ་འཐུང་བ་དང་། ཁྱིམ་ཚང་གི་ཟ་འབྲུའི་འགྲོ་སོང་ཆེ་ཤོས་ཀྱང་སྐྱེམས་པ་བཟོ་སྤྱད་ཀྱི་འབྲུ་རིགས་ཆགས་ཡོད་འདུག སྐྱེམས་ཆང་བཟོ་སྤྱད་ཡག་ཤོས་མོན་ཆག་(millet)ཟེར་བའི་འབྲུ་དེ་ཡིན་ཡང་། གྲོ་དང་ནས། འབྲས། མ་སྨོས་ལོ་ཏོག་སོགས་ཀྱིས་ཀྱང་བཟོ་བཞིན་ཡོད་འདུག

འབྲུ་བཙོས་རྗེས་ནང་དུ་ཕབ་བརྒྱབ་ནས་བདུན་ཕྲག་གཅིག་ཡས་མས་ལ་བསྙལ་རྗེས། པ་ཡིབ་ཟེར་བའི་ཁ་ཞབས་ཟངས་ཀྱིས་བརྒྱན་པའི་ཤིང་ཟེའུ་ཆུང་ཆུང་ཞིག་གི་ནང་བླངས་ཤིང་། དེའི་ནང་ཆུ་ཁོལ་བླུགས་ཏེ། དངུལ་གྱིས་བརྒྱན་པའི་གྲོ་མོ་ཟེར་བའི་སྦུབས་ཐུར་ཞིག་དེའི་ནང་དྲངས་ཏེ་འཇིབ་ནས་འཐུང་གི་འདུག སྐྱེམས་ཆང་དེའི་མདོག་སྐྱ་བོ་དང་རོ་ཁ་སྐྱུར་འདྲེས་བ། སྦུབས་ཐུར་གྱིས་འཇིབ་ཞོར་དང་ཆུ་ཁོལ་ལྡུག་ཞོར་དུ་འཐུང་ན། ཆང་འཐུང་གསར་པ་ཡིན་ན་པ་ཡིབ་ནང་གི་འབྲུ་བསྙལ་མ་ཐེངས་གཉིས་ལ་བརྗེ་ན་ར་བཟི་འགྲོ་བ་དང་། ཆང་འཐུང་རྙིང་པ་ཡིན་ན་ཐེངས་གསུམ་བཞི་རེར་བརྗེ་སྟེ་ཉིན་གང་བོར་འཐུང་གི་ཡོད་འདུགང་ཚོ་ཝ་ལུང་དུ་ཉིན་གཅིག་བསྡད་རྗེས་ཡང་དམག་ཅེས་པར་ལམ་ལ་ཆས། ཞོགས་པ་སྔ་པོ་ནས་རྐང་ཐང་དུ་བསྐྱོད་དེ་ཉིན་གུང་ཙམ་ནས་ས་མགོ་ཇེ་མཐོ་དང་གནམ་གཤིས་ཇེ་འཁྱག་རེད། ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ནས་ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ་རི་ལུང་ཡོངས་རྫོགས་དཀར་སངས་ངེར་གྱུར་སོང་། དགུང་མོའི་ཆུ་ཚོད་ ༨ ཙམ་ལ་གཞི་ནས་རྒྱ་མཚོའི་ངོས་ནས་སྨི་ ༧༠༠༠ ལྷག་ཡོད་པའི་ཡང་དམག་ཅེས་པའི་འབྲོག་སྡེ་དེར་འབྱོར་སོང་། ཡང་དམག་ནི་དུད་ཚང་ ༡༢ ཙམ་ཡོད་པའི་ནོར་ནག་རྐྱང་པ་འཚོ་སྐྱོང་བྱེད་པའི་འབྲོག་སྡེ་ཞིག་རེད། དུད་ཚང་ཕྱུག་ཤོས་ཤིག་ལ་ནོར་ནག་ ༡༦༠ ཡས་མས་ཡོད་འདུགཡང་དམག་ནས་ཡར་བསྐྱོད་ན་འཛམ་གླིང་གི་རི་བོ་མཐོ་ཤོས་གསུམ་པ་གངས་ཅན་མཛོད་ལྔ་ཞེས་པའི་བརྗིད་ཆགས་གངས་རི་དཀར་པོ་དེ་ཡོད། ཡང་དམག་ནི་ཐེངས་འདིའི་ང་ཚོའི་འགྲུལ་བཞུད་ཁྲོད་ཀྱི་ས་མགོ་མཐོ་ཤོས་ཀྱི་གྲོང་སྡེ་དེ་རེད། ས་གནས་འདིར་ཡང་དེ་སྔ་གཞིས་མགོ་མ་གཏོགས་དྷ་རམ་ས་ལའི་མི་སྣ་སུ་གང་ཡང་ཕེབས་མྱོང་མི་འདུག ཡང་དམག་གི་འབྲོག་ཁྱིམ་རེའི་སྒོ་ཁར་དབྱར་ཁ་ཞོག་ཁོག་འདེབས་སའི་ཞིང་ཁ་ཕྲན་བུ་རེ་འདུག་ལ། དེར་ཞོག་ཁོག་ཡག་པོ་སྐྱེ་བཞིན་ཡོད་ཀྱང་དབྱར་ཁ་འབྲོག་པ་རྣམས་རི་སྤོ་རྗེས། རི་དྭགས་གནའ་བ་ཡོང་སྟེ་ཞིང་ཁ་འཕྲོ་བརླག་ཏུ་གཏོང་གི་ཡོད་འདུག

ས་དེའི་རྒན་པ་མང་པོ་ཞིག་གིས་རང་གི་ལོ་རྟགས་མ་གཏོགས། རང་ཉིད་ལོ་ག་ཚོད་ཡིན་མིན་ཤེས་ཀྱི་མི་འདུག ཡང་དམག་ནས་ཆུ་ཚོད་གཉིས་གསུམ་གྱི་སར་ཡོད་པའི་རི་སྒང་ཞིག་ཏུ་བསྐྱོད་ན། གནམ་གཤིས་བཟང་བའི་གོ་སྐབས་སུ་ཁ་པར་མཐུད་ཐུབ་ཀྱི་ཡོད་སྟབས། ཕྲུ་གུ་སློབ་གྲྭར་ཡོད་པའི་ཕ་མ་ཚོ་རི་སྒང་དེར་ཕྱིན་ཏེ་རང་གི་ཕྲུ་གུར་ཁ་པར་གཏོང་གི་ཡོད་འདུག གྲོང་པ་ཚང་མས་ཉི་གློག་བེད་སྤྱོད་གནང་གི་འདུག

སྔོན་མ་ནས་གངས་གཟིག་ཟེར་བའི་སེམས་ཅན་དེས་འབྲོག་པ་ཚོའི་ནོར་ནག་རེ་ཟུང་གསོད་བཞིན་ཡོད་ཀྱང་། ལོ་ཤས་གོང་ནས་བོད་ནས་སྦྱང་ཀི་བསླེབས་ཏེ་དཀའ་ངལ་ཆེ་རུ་ཕྱིན་སོང་ཟེར། ན་ནིང་སེམས་ཅན་ཁྱད་མཚར་ཞིག་བསླེབས་ཏེ་འབྲོག་པ་ཚོར་འཇིགས་སྣང་ཆེན་པོ་བསླངས་འདུག སེམས་ཅན་དེས་དང་ཐོག་ནོར་ནག་རེ་གཉིས་བསད་ཡོད་པ་དང་། རིམ་གྱིས་ཕྱུག་རྫི་སྡོད་སའི་རྡོ་ཁང་ནང་འཛུལ་ཏེ་ཅ་དངོས་འཁྱེར་ཡོད་འདུག ཁ་བའི་ནང་སེམས་ཅན་དེའི་རྐང་རྗེས་དཔར་ཡོད་པར། རྐང་པའི་དབྱིབས་གཅན་གཟན་ལྟར་སྡེར་མོ་ཡོད་ཀྱང་རྐང་མཐིལ་མི་དང་འདྲ་ཞིང་། རྐང་མཐིལ་གྱི་རིང་ཚད་མཐོ་གཉིས་མ་ཟིན་ཙམ་ཡོད་འདུག ས་གནས་དེར་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་(Kangchenjunga Conservation Area)ཞེས་པ་ཞིག་ཡོད་པ་དེས་བརྙན་མིག་བཙུགས་ཏེ་ཞིབ་འཇུག་བྱས་སྐབས། གཟུགས་བོངས་དོམ་དང་འདྲ་ཞིང་གདོང་པ་སྤྲ་དང་འདྲ་བ། སྐེ་སྤུ་རིང་པོ་སེང་གེའི་གཡུ་རལ་ལྟར་གཟེང་པ། མདོག་ཁམ་ནག མཚམས་རེར་དུད་འགྲོ་ལྟར་རྐང་ལག་བཞིའི་སྟེང་འགྲོ་བ་དང་། མཚམས་རེར་མི་ལྟར་ཡར་ལངས་ནས་འགྲོ་བའི་སེམས་ཅན་ཞིག་བརྙན་ལེན་ཐུབ་ཡོད་འདུག དེ་ལ་ཞིབ་འཇུག་མང་པོ་བྱས་ཀྱང་ངོས་འཛིན་གསལ་བོ་མ་ཐུབ་ཀྱང་ཁ་ཤས་ཀྱིས་དོམ་ཁམ་ནག་(Brown bear)ཅེས་པ་ཡིན་སྐོར་བརྗོད་ཡོད་འདུག ས་གནས་མི་མང་ཁ་ཤས་ཀྱིས་མི་དྲེད་རེད་ཟེར་བ་དང་། ཡང་ཁ་ཤས་ཀྱིས་དྲེད་མོང་རེད་ཟེར་བ་སོགས་བཤད་ཚུལ་སྣ་ཚོགས་ཡོད་པ་མ་ཟད། མི་རེ་ཟུང་གིས་ཡུལ་ལྷ་གཞི་བདག་ཁྲོས་པའི་ཆོ་འཕྲུལ་རེད་ཟེར་ནས་ཞབས་རིམ་ཡང་མང་པོ་བསྒྲུབས་ཡོད་འདུག

ས་གནས་དེ་ཁུལ་གྱི་ཁང་པ་མང་ཆེ་བ་རྡོ་དང་ཤིང་གིས་བཟོས་ཏེ་སྟེང་དུ་ལྕགས་ཤོག་བཀབ་འདུག དུས་རྒྱུན་གྱི་ཟ་མ་ཤ་དང་རྩམ་པ་འབྲས་སོགས་རེད། སྟོན་ཁ་ནོར་ནག་མང་པོ་བཤས་དེ་ཤ་ཟ་བ་མ་ཟད། ཤ་ཧྲུག་བྱས་ཏེ་ཁང་པའི་ནང་བསྐམས་ཏེ་ལོ་ཧྲིལ་བོར་ཟ་བཞིན་ཡོད་འདུག ཁོང་ཚོར་ཤ་མང་པོ་ཟོས་ན་སྡུག་པ་ཡོད་པ་མ་ཟད། འཕྲོད་བསྟེན་ལའང་ཡག་པོ་མེད་ཚུལ་བཤད་ན། “སྐྱོན་ཡོད་པ་མ་རེད། དཔྱིད་ཀ་ཁ་སྦུབ་ལ་མ་གཏོང་། སྟོན་ཁ་གན་ཀྱལ་དུ་ཐོངས་ཟེར་བ་རེད། དཔྱིད་ཀ་རྩྭ་ཟ་རྒྱུ་མེད་པར་མུག་ཤི་ཐེབ་ཏུ་འཇུག་པ་ལས། སྟོན་ཁ་ཤ་ཤེད་བཟང་བའི་སྐབས་སུ་བཤས་ན་སྡིག་པ་ཡོད་པ་མ་རེད།” ཟེར།

སྤྱིར་ཡང་དམག་ནི་ལམ་ཐག་རིང་ཤོས་དང་ས་མགོ་ཐོ་ཤོས་ཡིན་ཡང་། འབྲོག་ལས་གཉེར་ཏེ་ནོར་ནག་མང་པོ་ཡོད་སྟབས་འཚོ་བའི་གནས་སྟངས་གང་འཚམ་ཡག་པོ་ཡོད་པ་དང་། ཕོ་ལེ་དགུན་ས་སོགས་ཞིང་ཁ་དང་ཚོང་ལས་ཙག་ཙིག་ལ་བརྟེན་ཡོད་སྟབས། ཡང་དམག་གི་ཕོ་གསར་ཚོས་ཀུ་རེ་རྩེད་དེ་ ‘ང་ཚོའི་ར་ཅོ་གཅིག་གིས་ཁྱོད་ཚོ་ཉོ་ཐུབ།’ ཅེས་འབོར་ཤོབ་ཤོད་བཞིན་ཡོད་འདུག་ལ། དོན་དངོས་ཐོག་ཏུའང་གཡག་བཟང་པོ་གཅིག་ལ་རིན་གོང་བལ་སྒོར་འབུམ་གཅིག་ཡས་མས་སྤྲོད་བཞིན་ཡོད་འདུགཡང་དམག་ནས་ཉིན་གཅིག་བསྡད་རྗེས་ཕོ་ལེ་བསམ་འཕེལ་གླིང་དུ་ལམ་ལ་ཆས། ཉིན་དེའི་ཞོགས་པར་རི་ལུང་ཐང་གསུམ་ཁ་བས་གཡོགས་འདུག ཡང་དམག་ནས་ང་ཚོར་ལམ་རོགས་ཕོ་གསར་གཉིས་ཁ་སྣོན་བྱས་ཏེ། ཞོགས་པའི་ཆུ་ཚོད་ ༦ པ་ནས་རྐང་ཐང་དུ་བསྐྱོད། ཉིན་གུང་ཆུ་ཚོད་ ༡༢ ཙམ་ནས་གནམ་ངོ་རུབ་སྟེ་ཁ་བ་འབབ་མགོ་ཚིགས་སོང་ལ། ཡར་སོང་གིན་སོང་གིན་ཁ་བ་པུས་མོའི་སྒང་དུ་བསླེབས་ཀྱི་འདུག མཚམས་ཤིག་ལ་ཕྱག་རོགས་ཚོས་ “སྐུ་ངོ་ལགས། ང་ཚོ་མུ་མཐུད་སྐྱོད་ན་ཉེན་ཁ་འདུག ད་ང་ཚོ་ཕྱིར་ལོག་ན་ཡག་ས་རེད།” ཟེར། ན་མགོ་ལ་བརྒྱུད་དེ་ཕྱིན་ན་ཉིན་གཅིག་གིས་ཕོ་ལེ་གཞིས་ཆགས་ལ་འབྱོར་ཐུབ་པ་དང་། རི་འདབས་བསྐོར་ནས་ཕྱིན་ན་ཉིན་བཞི་ལ་འགྲོ་དགོས། ངས་ཁོང་ཚོར། གལ་སྲིད་དེ་རིང་ཁྱེད་རང་ཚོ་གཅིག་པུ་ཡིན་ན་འགྲོ་ཐུབ་ས་རེད་དམ་ཞེས་དྲིས་པར། “ང་ཚོ་འགྲོ་ཐུབ་ས་རེད། ང་ཚོ་ཁ་བའི་ནང་སོང་ནས་གོམས་བསྡད་ཡོད།” ཟེར། ཁྱེད་ཚོ་འགྲོ་ཐུབ་སར་ངའང་འགྲོ་ཐུབ་ཀྱི་ཡོད་ཅེས་ཀུ་རེ་རྩེད་བཞིན་མུ་མཐུད་དུ་སྐྱོད་པ་ཡིན།མཚམས་རེར་རྐང་པ་གཉིས་ཁ་བའི་ནང་ཟུག་སྟེ་སྐེད་པའི་མཚམས་སུ་སླེབས་པ་དང་། ན་མགོ་ལ་རྩེར་བསླེབ་གྲབས་སྐབས་མུན་ཡང་ག་ལེར་རུབ་སོང་བས་ངའི་སེམས་ནང་འཇིགས་ཡེར་བ་ཞིག་བྱུང་། དོ་ནུབ་ང་ཚོར་དོན་རྐྱེན་ཞིག་བྱུང་བ་ཡིན་ན། དེའི་འགན་ཡོངས་རྫོགས་ང་ལ་ཡོད། རོགས་པ་ཚང་མ་ངའི་ཆེད་དུ་འགྲོ་བཞིན་ཡོད་ལ། ཁོང་ཚོས་ཕྱིར་ལོག་རོགས་ལབ་སྐབས་ངས་ཨུ་ཚུགས་བརྒྱབ་ནས་ཡོང་བ་ཡིན། ང་ཚོ་འགྲོ་མཚམས་བཞག་ན་གངས་ནང་ནས་འཁྱག་ཤི་ཐེབས་རྒྱུ་ལས་མེད་ལ། ཕྱིར་ལོག་ན་དེ་ལས་ཀྱང་མུན་ནག་ནང་རྫ་བྲག་གི་གསེང་ནས་ཐར་ཐབས་མེད། མུ་མཐུད་དུ་བསྐྱོད་རྒྱུ་ལས་འདམ་ག་གཞན་མེད་སྟབས། ལམ་རོགས་ཆོས་རྒྱན་ལ། ལ་རྩེ་བར་ལམ་ཐག་ག་ཚོད་ཡོད་མེད་རོགས་པ་ཚོར་མ་ལབ་རོགས། ལ་རྩེར་བསླེབ་གྲབས་འདུག་ཅེས་ཁོང་ཚོར་སེམས་ཤུགས་སྤར་རོགས་ཞེས་ལབ།

ཡར་སོང་གིན་སོང་གིན་དབུགས་གཏོང་ལེན་དཀའ་བ་དང་རྫ་དུག་གིས་མགོ་ན་བ་སོགས་བྱུང་ལ། སྔོན་ལ་འགྲོ་མཁན་དེས་གངས་གཤེགས་ནས་འགྲོ་དགོས་སྟབས། སྐར་མ་ ༡༥ རེའི་མཚམས་སུ་མི་བརྗེ་བོ་མ་བརྒྱབ་ན་དབུགས་དང་ཤུགས་ཀྱིས་འདང་གི་མི་འདུག མཚམས་རེར་ཕན་ཚུན་ལག་འཇུ་བྱས་ཏེ་སྐྱོད་པ་དང་། མཚམས་རེར་ཁ་བའི་སྟེང་གན་ཀྱལ་དུ་ལོག་ནས་ངལ་གསོ་བརྒྱབ། དེ་ལྟར་མུན་རུབ་ནས་ཆུ་ཚོད་གཉིས་ཙམ་ལ་བསྐྱོད་རྗེས་གཞི་ནས་ན་མགོ་ལ་རྩེར་བསླེབས་སོང་བས། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་ཀི་རིང་ཞིག་བཏབས་ཏེ་ཁ་བའི་ནང་འགྲེ་ལོག་བརྒྱབ་པ་ཡིན། ལའི་ཕར་རྒྱབ་ནས་མཐུར་དུ་འབབ་རྒྱུར་དཀའ་ངལ་གང་ཡང་མེད། སྐབས་དེར་ཁ་བ་འབབ་མཚམས་བཞག་སྟེ་སྤྲིན་བར་ནས་ཟླ་བའང་ག་ལེར་མངོན་བྱུང་ལ། ངའི་ཕྲག་གི་འགན་འཁུར་ལྕི་མོ་དེའང་ཕོག་ཟིན་པའི་སྣང་བ་ཞིག་དང་མཉམ་དུ་ཧ་ཅང་ཐང་ཆད་ཡོད་པ་གཞི་ནས་ཚོར་བྱུང་།དགོང་མོ་དེར་ང་ཚོ་ཕོ་ལེ་བསམ་འཕེལ་གླིང་གཞིས་ཆགས་སུ་འབྱོར་མ་ཐག་ཞལ་ལག་ཏོག་ཙམ་རེ་ཟོས་ཏེ་ཉལ་བ་ཡིན། ཕྱི་ཉིན་ཞོགས་པ་ཡར་ལངས་སྐབས་རྐང་པ་སྐྲང་ནས་ལྷམ་ནང་ལ་མི་ཤོང་བ་ཆགས་འདུག ཡང་དམག་ནས་ཕོ་ལེ་རུ་སྐྱོད་པ་དེ་ནི་ང་ཚོའི་འགྲུལ་བཞུད་ཁྲོད་ཀྱི་ལམ་ཐག་རིང་ཤོས་དང་དཀའ་ལས་ཁག་ཤོས་བྱུང་སོང་། ཉིན་གོང་བོར་རྫ་བྲག་དང་ཁ་བའི་ཁྲོད་ནས་ཆུ་ཚོད་ ༡༥ ཙམ་ལ་རྐང་ཐང་དུ་བསྐྱོད་པ་ཡིན།

ཕོ་ལེ་བསམ་འཕེལ་གླིང་ནི། ཝ་ལུང་ཁུལ་གྱི་བོད་པའི་གཞིས་ཆགས་ངོ་མ་དེ་རེད། སྔོན་ཆད་དུད་ཚང་ ༤༥ ཙམ་ཡོད་ཀྱང་ད་ལྟ་ཁྱིམ་ཚང་ ༡༨ ཙམ་ལས་མི་འདུག སྐྱེས་པ་ཚོ་དབྱར་ཁ་བོད་ནང་ཚོང་རྒྱག་པར་འགྲོ་བ་དང་རི་འཛེག་པ་ཚོའི་ཅ་ལག་འཁུར་བ་སོགས་ཀྱི་ཚོང་ལས་ཙག་ཙིག་བྱེད་པ་དང་། བུད་མེད་མང་ཆེ་བས་ས་གདན་འཐག་གི་འདུག ཕྲུ་གུ་ཚང་མ་རྒྱ་གར་དང་ཀ་ཐ་མན་ཌིའི་བོད་པའི་སློབ་གྲྭ་ཁག་ཏུ་བཏང་འདུག ལོ་བཅུའི་ཡར་སྔོན་ལ་སྤྱི་འཐུས་སྒྲོལ་མ་འཚོ་མོ་དང་གཡུང་དྲུང་རྒྱལ་མཚན་གཉིས་བསླེབས་ཏེ། བོད་མི་མང་སྤྱི་འཐུས་ས་འདིར་འབྱོར་བ་དང་པོ་དང་། ཐེངས་འདིར་ང་གཉིས་པ་ཆགས་འདུགས་དེར་རང་བྱུང་ཁམས་ཀྱི་མཐུན་རྐྱེན་གང་འཚམ་ཡག་པོ་ཡོད་ཀྱང་། རླངས་འཁོར་ལམ་ཁ་མེད་སྟབས་ཟ་འབྲུ་དང་ཅ་དངོས་ཚང་མ་རྟ་དང་གཡག་ལ་བཀལ་ཏེ་དབོར་དགོས། རྫོང་ཐོག་ནས་གཞིས་ཆགས་བར་ཅ་དངོས་སྤྱི་རྒྱ་གཅིག་གི་དབོར་གླ་བལ་སྒོར་ ༡༥༠ རེད། དཔེར་ན། ཏབ་ལེ་ལྗོངས་སུ་འབྲས་སྤྱི་རྒྱ་གཅིག་ལ་བལ་སྒོར་ ༧༠ ཡིན་ཡང་། ཕོ་ལེ་བསམ་འཕེལ་གླིང་དུ་འབྱོར་སྐབས་བལ་སྒོར་ ༢༢༠ ཆགས་འདུག

མི་མང་ལ་ཤེས་ཡོན་དང་ཆབ་སྲིད་གོ་རྟོགས་གང་ཡང་མེད་ཀྱང་། ༧གོང་ས་མཆོག་ལ་དད་པ་དམ་ཚིག་གཙང་མ་དང་། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་འགྱུར་མེད་རེད། ས་གནས་དེའི་རྒན་པ་མང་ཆེ་བར་རྒན་ཕོགས་དང་ཕྲུ་གུ་མང་ཆེ་བར་སློབ་ཡོན། དེ་བཞིན་ཉམས་ཐག་ལ་འཚོ་སྣོན་སོགས་རེག་གི་འདུག་སྟབས། ས་གནས་མི་མང་ཚོས་ཀྱང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་བཀའ་དྲིན་ལ། རྒྱལ་ཁབ་ཡོད་པའི་བལ་བོའི་ཡུལ་མི་ཚོ་ལས་ང་ཚོ་རྒྱལ་ཁབ་མེད་པའི་བོད་པ་སྐྱབས་བཅོལ་བ་ཚོར་ཐོབ་ཐང་ཡག་པ་རེག་གི་འདུག་ཅེས་ཧ་ཅང་ཡིད་མགུ་བའི་ཚུལ་དུ་རྗོད་ཀྱི་འདུགས་གནས་དེ་ཁུལ་གྱི་ཡུལ་མི་དང་བོད་པ་ཚང་མས་བོད་སྐད་མ་གཏོགས་བལ་བོའི་སྐད་ཡིག་མི་ཤེས་ཤིང་། ཁང་པའི་བཟོ་བཀོད་དང་ནང་གི་ཆ་ལག ལུས་ཀྱི་གྱོན་གོས་དང་ཉིན་རེའི་འཚོ་བ་སྐྱེལ་སྟངས་ཡོངས་རྫོགས་བོད་པ་དང་གཅིག་པ་ཡིན་པ་མ་ཟད། བོད་པའི་སྲོལ་རྒྱུན་རིག་གཞུང་རྣལ་མ་གྲ་མ་ཉམས་གྲུ་མ་ཞིག་པར། ས་གནས་ཁུག་ཀྱོག་འདི་ན་ལྷག་འདུག་ཨང་སྙམ་པའི་ཚོར་སྣང་བྱུང་སོང་། ས་གནས་དེ་ཁུལ་གྱི་བོད་མི་ཚོས་བོད་དོན་ཆབ་སྲིད་ལས་འགུལ་སྤེལ་ཐུབ་ཀྱི་མེད་ཀྱང་། ༧གོང་ས་མཆོག་གི་འཁྲུངས་སྐར་དེ་སྐྱབས་ཡུལ་ཐུན་མོང་གི་དུས་ཆེན་ཞིག་ཏུ་གྱུར་ཏེ། བོད་པའི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་ཞིག་དང་། བོད་མི་དང་ཡུལ་མི་མཛའ་འབྲེལ་མཐུན་ལམ་གྱི་ཟམ་པ་ཞིག་ཆགས་འདུག

ང་ཚོས་དུད་ཚང་རེ་རེ་བཞིན་སྐོར་སྐྱོད་བྱས་ཏེ་ནད་མནར་དང་རྒན་གཅོང་། ཉམ་ཐག་སོགས་ལ་རོགས་སྐྱོར་ཐོ་འགོད་བྱས། མཇུག་ཏུ་མི་མང་ཚོགས་འདུ་བསྐོངས་ཏེ་༧གོང་ས་མཆོག་གི་འཛམ་གླིང་ཞི་བདེའི་མཛད་འཕྲིན་དང་བོད་པའི་ཆོས་དང་རིག་གཞུང་གི་གལ་གནད། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་བརྩི་དགོས་པ་སོགས་ངོ་སྤྲོད་གཏམ་བཤད་དང་མི་མང་ལ་དྲི་བ་དྲིས་ལན་བྱས། དེ་རྗེས་མི་མང་གིས་བོད་མི་མང་སྤྱི་འཐུས་དང་གཞིས་མགོ་ཕེབས་པར་དགའ་བསུའི་གསོལ་སྟོན་བཤམས་ཏེ། བུད་མེད་ཚོས་སྐོར་གཞས་འཁྲབ་པ་དང་སྐྱེས་པ་ཚོས་སྐྱེམས་ཆང་འཐུང་སྟེ་དགའ་དགའ་སྤྲོ་སྤྲོ་གནང་སོང་།ང་ཚོ་ཕོ་ལེ་བསམ་འཕེལ་གླིང་གཞིས་ཆགས་སུ་ཉིན་གཉིས་དང་། དེ་ནས་ཡར་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་དགུན་སར་ཉིན་གཅིག་བཅས་ལ་བསྡད་རྗེས། ཝ་ལུང་ཁུལ་གྱི་ལས་དོན་ཡོངས་སུ་གྲུབ་སྟེ་ཕྱིར་ལམ་ལ་ཆས་པ་ཡིན། ཉིན་དེའི་ཞོགས་པ་སྔ་པོ་ནས་གཞིས་མི་རྣམས་འཚང་ཁ་ཤིག་ཤིག་གིས་ང་ཚོར་ཕེབས་སྐྱེལ་ཞུ་བར་བཅར་འདུག ཁོང་ཚོས་མར་དང་ཕྱུར་བ། སྣུམ་བསྲེགས་བག་ལེབ། སྒོ་ང་བཙོས་མ། རྒྱ་ནག་གིས་བཟོས་པའི་ངར་ཟས་རིགས། གླང་དམར་(Red Bull)དང་། ལྷ་སའི་སྦི་རག་སོགས་འཁྱེར་ནས་སླེབས་འདུག བསམ་འཕེལ་གླིང་གཞིས་ཆགས་འདབས་སུ་བཞུགས་གདན་གྲ་སྒྲིག་བྱས་ཏེ། སྐྱེས་མ་ཚོས་ལག་ཏུ་ཇ་ཆང་གི་བུམ་པའི་ཁ་རུ་མར་དང་ཁ་བཏགས་ཀྱིས་བརྒྱན་ཏེ། སྐུ་མགྲོན་ཕེབས་སྐྱེལ་གྱི་ཁ་གཡང་བརྗོད་པར་སྒུག་འདུག ང་ཚོ་དེར་འབྱོར་མ་ཐག་ཁོང་ཚོས་ཇ་ཆང་འདེགས་འབུལ་ཞུས་ཏེ། སྐྱེས་མ་ཚོས་མཉམ་གཞས་འདི་ལྟར་བཏང་སོང་།

བཞུགས་གདན་སྔོ་ཁྲའི་སྟེང་ལ།།

མི་བུ་ཕུན་སུམ་ཚོགས་པ།།

ས་ཆ་གང་དུ་འབྱོན་ཀྱང་།།

ངོམས་སུ་ཆོག་པ་ཡོད་དོ།། ཞེས་བཏང་རྗེས་མིག་མཐའ་མཆི་མས་སྐོར་བཞིན་ཕན་ཚུན་ལ་ལག་འཇུ་རེ་བྱས་ཤིང་། སེམས་སྐྱོ་ཞིང་ཞེ་འཁྲེང་བཞིན་ང་ཚོ་ལམ་ལ་ཆས། ཁོང་ཚོས་ཀྱང་ལག་པ་གཡུག་གཡུག་བྱེད་བཞིན་ “སྐུ་ངོ་རྣམ་པ་ཡང་ཡང་ཕེབས་རོགས།” ཞེས་བརྗོད་པ་དང་། ཁ་ཤས་ང་ཚོ་དང་ཁ་འབྲལ་མི་ཕོད་པར་ཐག་རིང་པོའི་བར་མཉམ་དུ་ཡོང་སྟེ་མཐར་ཕྱིར་ལོག་སོང་། ང་ཚོ་ཝ་ལུང་ནས་ཕྱིར་ལོག་སྐབས་ཉིན་གཅིག་དང་ཕྱེད་ཀར་རྐང་ཐང་དང་། ཉིན་གཅིག་དང་ཕྱེད་ཀར་རླངས་འཁོར། བྷ་ཌར་པུར་ནས་ཆུ་ཚོད་གཅིག་ལ་གནམ་གྲུ་བཅས་སུ་ཡོང་སྟེ་ཕྱི་ཟླ་ ༥ ཚེས་ ༢ ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌི་རུ་འབྱོར་སོང་། ཟུར་མཆན།

འདི་ནི་ཉེ་ལམ་ཕྲན་བལ་ཡུལ་མཐའ་མཚམས་ཁག་གསུམ་དང་། རྒྱལ་ས་ཀ་ཐ་མན་ཌི་བཅས་སུ་ཕྱོགས་སྐྱོད་བྱས་པ་ལས་ཝ་ལུང་དུ་བསྐྱོད་པའི་ཟིན་ཐོ་ཡིན། ཝ་ལུང་ནི་ཡུལ་མཐའ་འཁོབ་སྐད་གྲགས་ཆེ་ཤོས་ཤིག་ཡིན་སྟབས། མི་མང་པོ་ཞིག་གིས་ཝ་ལུང་སྐོར་ཤེས་འདོད་ཡོད། ངའི་དྲན་ངོས་ན་གང་ཡོད་པ་དེ་ཡིག་ཐོག་ཏུ་འགོད་ཐབས་བྱས་ཡོད་ཀྱང་། ཕྲན་གྱི་ཐེངས་འདིའི་ཟིན་བྲིས་དེབ་ཆུང་ཞིག་ལམ་ནས་བོར་སོང་བ་དང་། འདིར་གང་བྲིས་པ་དེར་ཡང་ལས་བྲེལ་གྱིས་ཞུ་དག་གཏོང་མ་ཐུབ་སྟབས། གནས་ཚུལ་ཆ་ཚང་བ་ཞིག་དང་ཀློག་སྤྲོ་བོ་ཞིག་བྱུང་མེད་སྲིད། འོན་ཀྱང་། གང་ཐུབ་ཀྱིས་སེམས་ཀྱི་ཚོར་བ་ཕལ་བར་བཞག་ཅིང་། དོན་གྱི་བྱུང་བ་གཙོ་བོར་བཟུང་སྟེ་བྲིས་ཡོད་སྟབས་ཀློག་པ་པོ་ཚོར་གནས་ཚུལ་མང་པོ་ཞིག་རེག་པའི་རེ་བ་ཡོད། རྗེས་སུ་དུས་ཚོད་བྱུང་ན་ཤར་ཁུམ་བུ་དང་སྐྱིད་རོང་ས་མཚམས་སུ་བསྐྱོད་པའི་ཟིན་ཐོའང་སྤེལ་ངེས་ཡིན།

བསྐྱར་བཅོས།: ༢༠༡༨/༠༦/༡༢

Leave a Reply

16 thoughts on “དྷ་རམ་ས་ལ་དང་ས་ཐག་རིང་ཡང་སེམས་ཐག་ཉེ།

  1. ཆ་ཚང་བཀླགས་པ་ཡིན། ཧ་ཅང་ལེགས་པོར་བཞེངས་འདུག

    སྤྱི་འཐུས་གཞན་རྣམས་ནས་ཀྱང་རང་གི་སྐད་ཡིག་དང་པོར་འདི་ལྟར་ཟིན་བྲིས་ཀྱིས་མི་མང་གི་གོ་རྟོགས་སུ་དྲ་རྒྱར་གཏགས་ན་ལེགས་པོ་འདུག་སྙམ།

    མིག་དཔེ་བཟང་་་་་ཐུགས་རྗེཆེ།

  2. དངོས་གནས་ཀློག་རིན་འདུག ཤེས་བྱ་དང་བློ་སྐྱེད་མང་པོ་མང་པོ་རེག་པ་མ་ཟད། བསམ་གཞིགས་ཀྱི་གཞི་རྩ་མང་པོ་ཞིག་ཀྱང་སྐྲུན་སོང་།
    མི་མང་གི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་མིང་དོན་མཚུངས་པ་ཞིག་རེད། རྗེས་སུ་ཡི་རངས་དང་བསྔགས་བརྗོད་གྲངས་མེད་ཞུ། མི་མང་ལ་འགན་འཁུར་ཏེ་མི་མང་གི་ཆེད་དུ་དཀའ་སྡུག་དཱང་ལེན་བྱེད་པ་ནི། རླབས་ཆེན་གྱི་སྐྱེས་བུ་ཞིག་གི་འོད་སྟོང་ལྡན་པའི་མི་ཚེའི་བྱ་བཞག་ཡིན། བཀའ་དྲིན་ཆེ།

  3. དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཧ་ཅང་དོན་སྙིང་ལྡན་པའི་སྐོར་སྐྱོད་ཟིན་ཐོ་ཞིག་སྤེལ་འདུག ང་རང་གིས་ནམ་རྒྱུན་བོད་ཀྱི་དུས་བབ་སྟེང་ནས་ཁྱོད་ཀྱི་གསར་འགྱུར་དང་རྩོམ་སྒྲིག་པའི་གཏམ་ལྗིད་ཁོག་ཅན་དེ་དག་ལ་རེ་སྒུག་བྱས་བསྡད་ཡོད་ལ། ལྷག་པར་དུ་ཁྱོད་ཀྱི་བཅར་འདྲི་རྩ་ཆེན་པོ་དེ་དག་གི་རིན་ཐང་དུས་རབས་གཅིག་ལ་ཉམས་པ་མེད།

  4. གཞུང་པ་ཚེ་དབང་བསོད་ནམས་་

    མི་མང་གི་སྐུ་ཚབ་ངོ་མ་རེད་འདུག་ས་ཁུག་ལུང་ཁུག་དེ་འདྲ་ལ་བོད་མི་ཡོད་པ་དང་ཁོང་ཚོའི་
    འཚོ་བའི་གནས་སྟངས་ལ་རྒྱུས་ལོན་ཐུབ་པ་ཙམ་མ་ཡིན་པ་འདྲ་པར་མིག་གི་མཐོང་རྒྱུ་ཡོད་
    པ་སོགས་མི་མང་འཐུས་མིའི་ལས་འགན་ཧ་ལས་པའི་ཡག་པོ་སྒྲུབ་འདུག་པ་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་
    གི་ཡོད་ལ་མི་མང་སྐུ་ཚབ་སྤྱི་འཐུས་ཚོ་འཚམས་གཟིགས་གང་དུ་ཕེབས་པ་དེ་དག་གི་པར་དང་འཚོ་བའི་གནས་
    སྟངས་སོགས་འདི་ནང་བཞིན་གསར་ཥོག་ཐོག་བཀོད་ཐུབ་ན་མི་མང་ནས་ས་གནས་ཡོངས་རྫོགས་ཀྱི་གནས་སྟངས་
    རྒྱུས་ལོན་ཐུབ་པའི་ཕན་པ་ཡོང་རྒྱུ་བཅས་སླར་ཡང་མི་མང་གི་སྐུ་ཚབ་ཁྱེད་ལ་ཐུགས་རྗེ་ཆེ་བཀྲིན་ཆེ་ཞུ་གི་།