ཉིན་གཅིག་ལའང་རྒྱ་ནག་ལ་ས་ཆ་བོགས་མར་གཏོང་མི་དགོས།

ཝེ་ཐི་ནམ་གྱི་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་གིས་ཚོང་ལས་མ་འཛུགས་ཀྱི་ཐབས་ལམ་བརྒྱུད་དབང་བསྒྱུར་བྱེད་པར་ངོ་རྒོལ་བྱས།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཝེ་ཊི་ནམ་གྲོས་ཚོགས་ནང་ཕྱི་ཡོང་མ་འཛུགས་པ་རྣམས་ལ་ལོ་  ༩༩ རིང་རྒྱལ་ཁྲལ་ཆག་ཡང་དང་ས་ཆ་བོགས་གཏོང་གིས་ཞིང་ཆེན་གསུམ་དམིགས་བསལ་ཚོང་ལས་ས་ཁུལ་དུ་བསྒྱུར་རྒྱུའི་གྲོས་འཆར་ཞིག་འགྲོ་བཞིན་ཡོད་སྟབས། ཝེ་ཐི་ནམ་གྱི་ཞིང་ཆེན་པིན་ཐྰོན་ (Binh Thuan) དང་ཧོ་ཅེ་མིན་གྲོང་ཁྱེར། རྒྱལ་ས་ཧད་ནོའོ་ (Hanoi) སོགས་གྲོང་ཁྱེར་ཆེ་ཁག་ནང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས། རྒྱ་ནག་ལ་ཉིན་གཅིག་ལའང་ས་ཆ་བོགས་མར་གཏོང་མི་དགོས་ཞེས་སོགས་འཁོད་པའི་འཕྲེད་དར་འཁྱེར་ཏེ། གཞུང་གི་རླངས་འཁོར་མེར་བསྒྲོན་པ་དང་རྡོ་སོགས་ཀྱིས་གཞུས་ཏེ་ངོ་རྒོལ་བྱུང་ཡོད་པར་བརྟེན། གྲོས་འཆར་དེ་འདི་ལོའི་ཕྱི་ཟླ་ ༡༠ པའི་གྲོས་ཚོགས་བར་ཕྱི་བསྣུར་བྱས་འདུག

ཟླ་འདིའི་ཚེས་ ༥ ཙམ་ནས་དྲ་ཐོག་ཏུ་ཡུལ་དེའི་ཞིང་ཆེན་གསུམ་དམིགས་བསལ་ཚོང་ལས་ས་ཁུལ་དུ་བསྒྱུར་རྒྱུའི་གྲོས་འཆར་སྐོར་གླེང་སློང་ཤུགས་ཆེན་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་ས་ཆ་དང་གླིང་ཕྲན་བདག་དབང་ཐོག་རྩོད་རྙོག་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་ས་མཚམས་བདག་དབང་ཐོག་དམག་འཁྲུག་བརྒྱབས་ཡོད་པ་སོགས་ཀྱི་ལོ་རྒྱུས་ཕྱིར་དྲན་བྱས་ཏེ། ཝེ་ཐི་ནམ་མི་མང་གིས་གྲོས་འཆར་དེར་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་དང་། ངོ་རྒོལ་ཁྲོམ་སྐོར་སྐབས་མི་མང་བརྒྱ་ལྷག་འཛིན་བཟུང་དང་ཉེན་རྟོག་པ་བཅུ་ཙམ་ལ་རྨས་སྐྱོན་བྱུང་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། གྲོས་གཞི་དེ་ནི་ཕྱི་རྒྱལ་གྱི་ཚོང་བ་ནང་འགུག་གིས་ནང་རྒྱལ་གྱི་དཔལ་འབྱོར་ཁྲོམ་ར་གོང་འཕེལ་དུ་གཏོང་བར་དམིགས་པ་ཞིག་ཡིན་འདུག་ཀྱང་། རྒྱ་ནག་གཞུང་གིས་རིམ་བཞིན་ས་ཁུལ་དེ་གསུམ་དབང་བསྒྱུར་བྱེད་པར་དོགས་ནས་མི་མང་གིས་ངོ་རྒོལ་བྱེེེེེད་བཞིན་ཡོད་འདུག་ལ། ཝེ་ཐི་ནམ་ནང་ད་བར་དམིགས་བསལ་ཚོང་ལས་ས་ཁུལ་ ༡༨ཡོད་པ་དང་། གྲོས་འཆར་གསར་པའི་ནང་བཀོད་པ་རྣམས་ནི་ཁྭོན་ནན་ཞིང་ཆེན་(Quang Ninh)དང་ཁྭན་ཧོ་ཞིང་ཆེན(Khanh Hoa)། གཞན་གཅིག་ནི་ཕོ་ཁོའོ་ཁུ་གླིང་ཕྲན་(Phu Quoc )བཅས་ཡིན་འདུག

ཝེ་ཐི་ནམ་གྱི་རྒྱལ་ས་ཧད་ནོའོ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཝེ་ཐི་ནམ་ནང་ཡོད་པའི་རྒྱ་རིགས་རྣམས་ཀྱིས་གཟབ་གཟབ་བྱེད་དགོས་པ་དང་། ངོ་རྒོལ་ཁྲོམ་སྐོར་དེ་དག་ནི་ཁྲིམས་འགལ་འདུ་འཛོམས་དང་རྒྱ་ནག་ལ་རྒོལ་བའི་བྱ་འགུལ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་འདུག ནམ་རྒྱུན་རྒྱ་རིགས་ཡུལ་སྐོར་བ་གང་སར་མཐོང་རྒྱུ་ཡོད་འདུག་མོད་ངོ་རྒོལ་ཁྲོམ་སྐོར་བྱུང་བ་ནས་བཟུང་མཐོང་རྒྱུ་མེད་པ་ཆགས་ཡོད་འདུག

རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ལོའོ་ (Luo) ཟེར་བ་ཞིག་གིས་ང་ཝེ་ཐི་ནམ་ལ་ཡོང་རྒྱུར་དགའ་པོ་ཡོད་མོད། རྒྱ་ནག་གི་ཚོང་ལས་མ་འཛུགས་ཀྱིས་མི་མང་གཉིས་བར་འགལ་ཟླ་སློང་གི་འདུག ང་ཚོ་ཕྱི་རོལ་ལ་འགྲོ་མི་ཉན་ཚུལ་སྐུལ་སོང་བས་ཧ་ཅང་སེམས་ཁྲལ་འདུག་ཅེས་བརྗོད་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༡༢

Leave a Reply