བསོད་ནམས་ཚེ་རིང་གིས་ཨང་དང་པོ་བླངས།

ད་ལོའི་ཨེ་ཤ་ཡའི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྟེང་བོད་རིགས་ལུས་རྩལ་བ་གཉིས་ཞུགས་ཡོད་པ་ཨང་དང་པོ་དང་ལྔ་པ་རེད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ནས་༡༡ བར་ཉིན་གྲངས་༥རིང་ཉི་ཧོང་གྲོང་ཁྱེར་གྷེ་ཧྥོ་(Gifu)རུ་ཚོགས་པའི་ཨེ་ཤ་ཡའི་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་ཚོགས་ཐེངས་༡༨ པའི་སྟེང་། བོད་རིགས་ལུས་རྩལ་བ་བསོད་ནམས་ཚེ་རིང་ལགས་ཀྱིས་སྐྱེས་པའི་རྨིད་༡༠༠༠༠ ཅན་གྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་དུས་ཡུན་སྐར་མ་ ༣༠ དང་སྐར་ཆ་༠༡ ལས་མ་འགོར་བར་ཨང་དང་པོ་བླངས་ཡོད་འདུག

ཐེངས་འདིའི་ཨེ་ཤ་ཡའི་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་ཐོག་ཁྱོན་ཨེ་ཤ་ཡའི་རྒྱལ་ཁབ་༣༥ ནས་རྩེད་འགྲན་པ་ ༤༣༧ མཉམ་ཞུགས་བྱས་ཡོད་པ་དང་།རྒྱ་ནག་གི་རྩེད་འགྲན་པའི་ཚབ་བྱས་ཏེ་ཡོང་བའི་བོད་རིགས་ལུས་རྩལ་བ་བསོད་ནམས་ཚེ་རིང་དང་གཞན་སྐྱེས་མའི་འཕང་མདུང་(javelin)རྩེད་འགྲན་མཁན་བོད་རིགས་ལུས་རྩལ་བ་རིན་ཆེན་སྒྲོལ་མས་ཀྱང་རྒྱང་ཐག་རྨིད་༥༩.༩༧ ལ་གཡུག་སྟེ་ཨང་ལྔ་པ་ཐོབ་ཡོད་འདུག

བོད་རིགས་ལུས་རྩལ་བ་བསོད་ནམས་ཚེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པ་དང་། ཁོང་རྒྱ་ནག་དང་རྒྱལ་སྤྱི་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཁག་ཅིག་ལ་ཐེངས་མང་ཞུགས་ཡོད་པ་དང་། ཁོང་གིས་ཕྱི་ལོ་༢༠༡༧་ལོའི་རྒྱ་ནག་རྒྱལ་ཡོངས་ན་གཞོན་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་ཞེས་པའི་ནང་སྐྱེས་པའི་རྨིད་ ༡༠༠༠༠ ནང་ཨང་གཉིས་པ་དང་། དེ་བཞིན་ད་ལོའི་རྒྱ་ནག་རྒྱལ་ཡོངས་བྱེས་བགྲོད་ལེགས་སྐྱེས་འགྲན་བསྡུར་ཞེས་པའི་ལུས་རྩལ་འགྲན་ཚོགས་སྟེང་སྐྱེས་པའི་རྨིད་ ༡༠༠༠༠ ཅན་གྱི་རྒྱང་རྒྱུག་ནང་ཨང་དང་པོ་བླངས་ཡོད་འདུག

ཨེ་ཤ་ཡའི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་དེ་ལོ་གཉིས་རེའི་མཚམས་སུ་ཐེངས་རེར་ཚོགས་བཞིན་ཡོད་པ་དང་། ལོ་སྔོན་མར་ཨེ་ཤ་ཡའི་རྒྱལ་ཁབ་ཝེ་ཐི་ནམ་ནས་ཚོགས་ཡོད་འདུག ད་ལོའི་རྩེད་འགྲན་ཚོགས་འདུ་དེ་ཨེ་ཤ་ཡའི་ལུས་རྩལ་མཐུན་ཚོགས་༢༠ གོ་སྒྲིག་དང་མཐུན་སྦྱོར་འོག་ཚོགས་ཡོད་པ་དང་། ཐེངས་འདིར་ཉི་ཧོང་གིས་རྟགས་མ་༤༢ བླངས་ཏེ་ཨང་དང་པོ་དང་། ཨང་གཉིས་པ་རྒྱ་ནག་ལ་རྟགས་མ་༢༣དང་ཨང་གསུམ་པ་རྒྱ་གར་གྱིས་རྟགས་མ་༡༧ བླངས་ཡོད་འདུག དེ་བཞིན་རྒྱལ་ཁབ་༡༥ ལྷག་གིས་མ་མཐའ་ཡང་རྟགས་མ་གཅིག་རེ་བླངས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༢

Leave a Reply

3 thoughts on “བསོད་ནམས་ཚེ་རིང་གིས་ཨང་དང་པོ་བླངས།