བོད་ཀྱི་གསུམ་བཅུའི་དུས་དྲན་དང་རྒྱ་ནག་གི་དྲུག་བཞིའི་དུས་དྲན།

ནམ་མཁའ།

༡༩༨༩ལོའི་ཕྱི་ཟླ་༦ཚེས༤མཚན་མོ་འཛམ་གླིང་མི་དམངས་ཀྱི་མིག་ཆུ་ཤོར་དགོས་པའི་དོན་རྐྱེན། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་ནས། རོ་ཡི་རི་བརྩིགས་ཤིང་ཁྲག་གི་མཚོ་བསྐྱིལ་པས། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གདུག་རྩུབ་ཅི་འདྲ་ཅན་ཞིག་ཡིན་པ་འཛམ་གླིང་ཤར་ནུབ་ཀུན་ལ་བསྟན་པ་རེད།  སྐབས་དེར་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་ལ་ངོས་ལེན་བྱས་པའི་སློབ་ཕྲུག་དམར་གསོད་བཏང་བའི་གྲངས་ཀ༢༥༠༠ཡས་མས་ཡིན་མོད།འོན་ཀྱང་རྗེས་ནས་གསང་བ་ཕྱི་ལ་ཤོར་བའི་གནས་ཚུལ། ཉེ་བའི་ཆར་བོད་ཀྱི་དུས་བབ་ཀྱིས་བཀོད་པ་ལྟར་ན། སློབ་ཕྲུག་ཁྲི་གསུམ་ཡས་མས་ལྷག་བཤད་ཀྱི་ཡོད། གང་ལྟར་ཡང་སློབ་ཕྲུག་མང་པོ་ཞིག་གི་ཚེ་སྲོག་མཚན་གཅིག་ལ་རྒྱ་ནག་མི་དམངས་དུང་ཕྱུར༡༣གྱི་རང་དབང་ཆེད་ཤོར་པ་རེད།

ཚེ་སྲོག་ཤོར་བའི་སློབ་ཕྲུག་དེ་དག་ནི་དེང་སང་གི་སློབ་ཕྲུག་དང་ལས་བྱེད་བཞིན།རང་གི་མདུན་གྱི་ཕོར་བ་དང་གོ་གནས་ལ་སྙེགས་ཏེ། མི་དམངས་ཉམ་ཆུང་ཚོར་དབང་ཤུགས་བཀོལ་ནས་བཤུ་གཤོག་དང་བཙན་འཕྲོག་བྱེད་པའི་ནག་ཚོགས་ལྟ་བུ་མ་ཡིན་པར། རྒྱ་ནག་མི་དམངས་དུང་ཕྱུར༡༣ལ་རང་དབང་གི་བདེ་སྐྱིད་ཞིག་འབྱུང་འདོད་ཀྱི་ཀུན་སློང་བཟང་པོའི་སྙིང་སྟོབས་བསྐྱེད་དེ་རང་སྲོག་བློས་བཏང་བྱས་པ་རེད། གནས་ཚུལ་འདི་རྒྱ་ནག་མི་དམངས་དང་ལྷག་པར་དུ་ཚེ་སྲོག་ཤོར་བའི་སློབ་ཕྲུག་ཚོའི་ཕ་མ་ཚོས་བརྗེད་ཐུབ་པ་ཞིག་མིན་མོད། འོན་ཀྱང་ལོ་ངོ་མང་པོ་འགོར་རྗེས་སུ་རིམ་གྱིས་སྣུམ་ཟད་མར་མེ་བཞིན། སྙིང་སྟོབས་དང་སེམས་ཤུགས་ཀྱི་མེ་ལྕེ་ལོ་རེ་ནས་ལོ་རེ་ཇེ་ཆུང་དུ་ཕྱིན་ཡོད། དཔེར་ན། ང་རང་ཡོ་རུབ་ལ་སླེབས་པའི་ལོ་ཤས་རྗེས་ནས་6/4དུས་དྲན་ལ་ལོ་ལྟར་འགྲོ་གི་ཡོད། ག་དུས་ཡིན་ན་ཡང་དམངས་གཙོ་དོན་གཉེར་ཅན་གྱི་རྒྱ་རིགས་ཚོ་ལས་བོད་རིགས་མང་པོ་སླེབས་ཀྱི་ཡོད།རྒྱ་རིགས་༡༠ནས་༡༥ཙམ་ལས་ཡོང་གི་མེད། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ནི། བཙན་བྱོལ་བོད་མིའི་ནང་ཁུལ་དུ་འབྲོང་རྭ་སྐམ་པོ་ཆུ་ཁོལ་ནང་བཙོས་པ་བཞིན།དབུ་ལམ་དང་རང་བཙན་བར་གྱི་ཚིག་འཛིངས་བྱེད་པ་ལྟར། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཁོ་རང་ཚོའི་ནང་ཁུལ་འཐབ་འཛིངས་བྱས་ཏེ། བརྩིགས་ངོས་སུ་སྲན་ཕུང་བརྡབས་པ་ལྟར་འཐོར་བཤིགས་སུ་སོང་ཡོད།

བཙན་བྱོལ་སྤྱི་ཚོགས་སུ་ཡང་གནས་ཚུལ་འདི་འབྱུང་ལ་ཁད་ལོ་ཤས་གོང་བྱུང་ཡོད། དཔེར་ན། སྲིད་སྐྱོང་བློ་སེང་གི་བློ་འདྲི་ས་དབུ་དཀར་ཚང་སྐལ་རྡོར་ཨ་རིའི་དོན་གཅོད་ཡིན་པའི་སྐབས། རང་བཙན་བརྩོན་ལེན་བྱེད་མཁན་གཞོན་ནུ་དང་སློབ་ཕྲུག་རང་བཙན་ཚོགས་པ་ཚོ། གསུམ་བཅུ་དུས་དྲན་ཉིན་ཨ་རིའི་བདེ་སྲུང་ཉེན་རྟོག་པ་ལ་འབྲེལ་བ་བྱས་ཏེ་འཛིན་བཟུང་བྱེད་དུ་བཅུགས་པ་རེད། སྟབས་ལེགས་པ་ཞིག་ལ། འཛམ་གླིང་མི་དམངས་ཀྱི་གཙིགས་སུ་བཀུར་ཡུལ་བོད་མི་དམངས་ཀྱི་དབུ་ཁྲིད༧གོང་ས༧མཆོག་སྐུ་འཚོ་བཞུགས་ཀྱི་སྐུ་དྲིན་དང་བོད་མི་དམངས་ཀྱི་སེམས་ཤུགས་ལ་ཉམས་ཆགས་སུ་གཏོང་ཐུབ་མེད་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོ་རྒྱ་ནག་དམར་ཤོག་གིས་སྲན་ཕུང་གཏོར་བ་ལྟར། བློ་སེང་དང་སྐལ་རྡོར་གཉིས་ཀྱིས་ཀྱང་བཙན་བྱོལ་སྤར་མོ་གང་པོ་གཏོར་རྩིས་ཐེངས་མང་བྱས་ཀྱང་དོན་འབྲས་བྱུང་མེད་པས་ཤིན་ཏུ་ནས་སྤྲོ་འོས་པ་ཞིག་རེད།

གང་ལྟར་ཡང་ཧྥུ་རན་སིར་རྒྱ་རིགས་འབུམ་ལྔ་ལྷག་ཡོད་ན་ཡང་། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་སུམ་བཅུ་ཙམ་ཡང་འཁོར་མེད་མོད།འོན་ཀྱང་དྲུག་བཞིའི་དུས་དྲན་ཉིན་མོ་རྒྱ་རིགས་༡༠ལྷག་ཙམ་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་བྱེད་སྟངས་དང་བསྡུར་ནས་བཤད་ན།

བོད་ལུང་པ་ཤོར་ནས་མི་རབས་གཅིག་རྫོགས་ཏེ། མི་རབས་གཉིས་པའི་ཕྲག་སྟེང་ལ་སླེབས་པའི་ཉིན་མོ་དེ་རིང་། ད་དུང་ཡང་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་མེ་ལྕེ་སྔར་བཞིན་འབར་བཞིན་ཡོད་ལ། མི་རིགས་ཀྱི་ལ་རྒྱའི་མེ་དཔུང་འཛམ་གླིང་གི་ཕྱོགས་གང་སར་མཆེད་ཡོད། དཔེར་མཚོན་ཙམ་ཞུས་ན། ༡༩༥༩ལོ་ནས་བཟུང་གསུམ་བཅུ་དུས་དྲན་གྱི་ཉིན་མོ།འཛམ་གླིང་ཕྱོགས་གང་སར་ཡོད་པའི་བོད་རིགས་ཞིག་ཡིན་ཕྱིན་གསུམ་བཅུ་དུས་དྲན་གྱི་མཛད་སྒོར་ཕྱིན་ཏེ།རྒྱ་ནག་གཞུང་ཚབ་སྒོ་འགྲམ་ནས་བོད་མི་རིགས་ལ་རང་དབང་དགོས་བའི་འབོད་སྒྲ་བར་སྣང་གི་འབྲུག་སྐད་ཡང་ཟིལ་གྱིས་གནོན་ཐུབ་པ་ལྟ་བུ་བྱུང་གི་ཡོད།  དཔེར་ན། ལོ་འགའ་རེ་ཡི་ནང་དུ་ཡོ་རུབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱིས་གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད།

ད་ལོའི་༢༠༡༨ལོའི་གསུམ་བཅུ་དུས་དྲན་སིད་སི་ནས་བྱས་པའི་སྐབས་སུ་ཡང་། ཡོ་རུབ་རྒྱལ་ཁབ་གང་ས་རུ་ཡོད་པའི་བོད་རིགས་ཚོས་སོ་སོའི་དངུལ་ཁུག་ནས་འགྲོ་གྲོན་བཏང་སྟེ། སྤྱི་སྤྱོད་རླུང་འཁོར་དང་མེ་འཁོར་སོགས་ཀྱི་ནང་བསྡད་དེ་ཡོང་མཁན་།ཕལ་ཆེར་བོད་མི་སྟོང་ཕྲག་འགའ་ཤས་སིད་སི་ཇི་ཎི་ཝར་འཛོམས་སོང་།དེ་ཡང་ལས་སླ་བོར་ཐག་ཉེ་ཆུ་ཚོད་གཉིས་གསུམ་གྱི་ལམ་ཐག་མ་ཡིན་པར། ཁོང་ཚོ་མཚན་གང་བོར་སྤྱི་སྤྱོད་རླུང་འཁོར་ནང་ཡོང་སྟེ། ཞོགས་པ་ཆུ་ཚོད་བཅུ་ཡས་མས་སུ་སིད་སི་ལ་སླེབས་ཀྱི་ཡོད། སིད་སིར་འབྱོར་མ་ཐག་ངལ་གསོས་ཏེ་ཞོགས་ཇ་ཙམ་འཐུང་ཁོམ་ཡང་མེད་པར་སྐད་འབོད་ཀྱི་འགོ་འཛུགས་སའི་ས་ཁུལ་དེར་འགྲོ་དགོས་ཀྱི་ཡོད། སྤྱིར་བཏང་གིས་བཤད་ན། ས་གནམ་གང་ནས་ཆུ་ཚོད་མང་པོ་འགྲུལ་བཞུད་བྱས་ཚེ། ཐང་ཧ་ཅང་ཆད་ཀྱི་ཡོད་པ་ཆུ་ཚོད་མང་པོ་ལ་རླུང་འཁོར་དང་གནམ་གྲུའི་ནང་འགྲུལ་བཞུད་བྱས་མྱོང་མཁན་ཚོས་ཤེས་ཀྱི་རེད། ཡིན་ན་ཡང་བོད་མི་ཚོའི་གདོང་ན་ཐང་ཆད་ཡོད་པའི་རྣམ་འགྱུར་ཙམ་ཡང་མེད་པར། ཁོང་ཚོའི་གདོང་ན་འཛུམ་མདངས་ཀྱིས་རྒྱན་ཞིང་།སྙིང་སྟོབས་ཀྱི་མེ་ལྕེ་འབར་བཞིན་པ་ཕྱི་རྒྱལ་མི་རིགས་སུས་ལྟས་ཀྱང་མཐོང་ཐུབ།

སུད་སི་ལུང་པའི་མཐའ་ཡོངས་སུ་རི་བོའི་སྐོར་ཞིང་། རི་བོའི་རྩེ་མོ་ཡོངས་སུ་གངས་ཀྱིས་རྒྱན་ཡོད་པ་མ་ཟད། ད་རུང་ནགས་རི་སྤང་རི་སོགས་ཡོད་པའི་ཡིད་དབང་འཕྲོག་པའི་ལུང་པ་ཞིག་རེད། རི་བོའི་འདབས་སུ་མཚོ་ཆུང་ཞིག་འདུག་ལ། དེའི་མཐའ་ཡོངས་སུ་གྲོང་ཁྱེར་ཆགས་འདུག་པས། དོན་སྣང་བྱེད་མཁན་གྱི་བོད་རིགས་ཚོར་བོད་ལུང་པ་ལ་སླེབས་པ་འདྲ་བའི་ཚོར་སྣང་བྱུང་ཡོད་སྲིད།

ང་ཚོ་ཆ་ཚང་སྤྱི་སྤྱོད་རླུང་འཁོར་ནས་ཐང་ལ་བབས་མ་ཐག་སྐད་འབོད་འགོ་འཛུགས་བྱེད་སའི་ས་གནས་དེར་ཕྱིན།   མེ་ཏོག་གླིང་ཀ་ལྟ་བུའི་ཐང་ཆེན་ཞིག་ཏུ་བོད་རིགས་མང་པོའི་གངས་སེང་གཡུ་རལ་ཅན་གྱི་རྒྱལ་དར་འཕྱར་བཞིན་ཡོད་སྟབས། གངས་སེང་གི་རྒྱལ་དར་དེ་ནི་རི་བོའི་མཐའ་སྐོར་བའི་སུད་སི་ལུང་པའི་རྒྱན་ཆ་ལྟ་བུ་ཞིག་ཏུ་གྱུར་འདུག་པས་ཆེས་ཤིན་ཏུ་བརྗིད་ཉམས་ལྡན་པ་ཞིག་རེད།དེའི་ཉིན་མོ་བོད་མི་ས་ཡ་དྲུག་གི་སེམས་ཁོང་གི་སྡུག་བསྔལ་ཕྱི་རུ་མངོན་ཏེ། སྐྱོ་གདུང་གི་མིག་ཆུ་བཞུར་བ་ལྟར་ཆར་ཤོད་ཤིན་ཏུ་ཆེ་ཡང་། བོད་རིགས་ཚོའི་གདོང་ལ་དཔའ་ངར་གྱི་སྙིང་སྟོབས་ཞུམ་པ་མེད་པར།ཆུ་ཚོད་གཅིག་ཙམ་ལྷག་ལ་ཆར་ཤོད་ཆེན་པོ་དེའི་ནང་གྲོམ་བགྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་དུ་བྱས་པ་རེད།

ས་ཐག་རིང་མིན་ལ་མ་བལྟས་བར་བོད་རིགས་འདི་འདྲའི་མང་པོ་འདུ་འཛོམས་བྱུང་སྟེ། ཆར་ཤོད་ཆེན་པོ་དེའི་ནང་གོམས་བགྲོད་བྱས་པ་འདིས་གང་མཚོན་གྱི་ཡོད་པ་རེད་ཟེར་ན། བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་རྒྱ་མཚོན་གྱི་ཡོད་པ་མ་ཟད། བོད་མི་རིགས་ཀྱི་འཐབ་རྩོད་འདི་མི་རབས་དང་པོ་རྫོགས་ན་ཡང་།མི་རབས་གཉིས་པའི་སྙིང་སྟོབས་དང་ལ་རྒྱ་མུ་མཐུད་གནས་ཐུབ་ཀྱི་ཡོད་པའི་ར་སྤྲོད་ཀྱི་བརྡ་ལན་འཛམ་གླིང་དང་རྒྱ་ནག་ལ་སྤྲད་ཡོད་པ་རེད།ལྷག་པར་དུ་༢༠༠༨ཡར་སྔོན་དུ་རྒྱ་ནག་སྲིད་གཞུང་གི་བསམ་ཚུལ་ལ།བོད་ཕྱི་ལོགས་ཀྱི་བོད་རིགས་ཚོས་བོད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས།བོད་ནང་གི་བོད་མི་ཚོ་ཞི་བདེ་ལྷང་འཇགས་ཡིན་ཚུལ་འཛམ་གླིང་ལ་སྒྲོགས་གང་ཐུབ་བྱས་ཡོད། ཡིན་ན་ཡང་༢༠༠༨ལོའི་ཞི་རྒོལ་ཆེན་མོས་རྒྱ་ནག་གི་བསྒྲགས་གཏམ་ཡོངས་རྫུན་མ་ཡིན་པའི་བདེན་དཔང་བྱས་པ་མ་ཟད། བོད་མི་རིགས་ཀྱི་མི་རབས་གཉིས་པའི་སྙིང་སྟོབས་དང་ལ་རྒྱ་ཅི་འདྲ་ཞིག་ཡིན་པ་ཡང་རྒྱ་གཞུང་ལ་ཤེས་སུ་བཅུགས་ཡོད་ལ།བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་རང་ལུས་མེ་བསྲེགས་གནང་བའི་གྲངས་ཀ་འདིས་ཀྱང་། འཛམ་གླིང་གི་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་དགོས་པ་ཞིག་ཏུ་གྱུར་ཡོད། ཕྱི་སྡོད་བོད་རིགས་ཁ་ཤས་ཀྱིས་གསུམ་བཅུ་དུས་དྲན་ལ་སོང་ཀྱང་ཕན་ཐོག་མི་འདུག་སྙམ་སྟེ།མི་ཡོང་མཁན་ཡང་མང་པོ་ཡོད་སྲིད་མོད།འོན་ཀྱང་དེ་འདྲའི་བསམ་བློ་ནི་མཐོང་རྒྱ་ཆུང་དྲགས་པའི་རྟགས་ཡིན།

ང་ཚོ་ཕྱི་སྡོད་བོད་མི་ཚོ་གཞི་ལུས་མི་དམངས་ཀྱི་མགྲིན་ཚབ་པ་ཡིན་པའི་ཆ་ནས་གསུམ་བཅུ་དུས་དྲན་ཉིན། རྒྱ་ནག་གཞུང་ཚབ་སྒོ་འགྲམ་ནས་སྐད་འབོད་རྒྱབ་པ་འདིས། གཞི་ལུས་མི་དམངས་ལ་རང་དབང་མེད་པའི་བརྡ་ལན་རྒྱ་གཞུང་དང་འཛམ་གླིང་ལ་སྤྲོད་ཀྱི་ཡོད་སྟབས། ལོ་ངོ་དྲུག་བཅུ་འཁོར་ཡང་བོད་ཀྱི་གནད་དོན་སེལ་ཐུབ་མེད་པའི་ར་སྤྲོད་བྱེད་ཀྱི་ཡོད་ལ། བོད་ཀྱི་བདེན་མཐའ་སེལ་རག་བར་དུ་བོད་མི་རིགས་ཀྱི་སེམས་ནམ་ཡང་ཞུམ་པ་མེད་པ་མཚོན་གྱི་ཡོད་པས། གསུམ་བཅུ་དུས་དྲན་ཉིན་ཕྱི་སྡོད་བོད་མི་ས་གནས་གང་དུ་ཡོད་ཀྱང་ཕེབས་རྒྱུ་གལ་ཆེན་ཞིག་ཏུ་མཐོང་། དེ་མིན་ཉིན་ཞིག་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་བཞིན་སྣུམ་ཟད་མར་མེ་བཞིན་མི་འགྱུར་བའི་ངེས་པ་མེད་པས་གང་གཟབ་ཀྱིས་བསམ་གཞིགས་བྱེད་རྒྱུ་གལ་ཆེན་རེད།

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply

4 thoughts on “བོད་ཀྱི་གསུམ་བཅུའི་དུས་དྲན་དང་རྒྱ་ནག་གི་དྲུག་བཞིའི་དུས་དྲན།

  1. ༄༅། ད་ བོད་ནང་རང་ལུས་མེར་བསྲེགས་གྲངས་ ༡༥༢ གནང་ཡང་རྒྱ་དམར་ཁྲིམས་མེད་ལུང་མེད་ནས་
    བདག་པོ་རྒྱག་གི་མེད་པ་དང། འཛམ་གླིང་རྒྱལ་ཁབ་ཁག་ནས་ཀྱང་ཁ་ཡོད་ལག་ཡོད་ཀྱི་དོན་འབྲས་ཐོན་མ་གནང་
    གི་མེད་སྟབས་་་ད་་རྒྱལ་སྤྱིའི་སྒོ་མདུན་དུ་བོད་མི་ ༡༥༢ འཛོམས་ནས་རང་སྲོག་མེད་བསྲེགས་བྱེད་རྒྱུའི་དུས་བཀག་
    བཟོས་ནས་གསལ་བསྒྲགས་གཅིག་བྱེད་ན་དོན་འབྲས་སོན་མདོག་ཁ་ོརེད། ད་སྒུག་ནས་བསྡད་རྒྱུ་མི་འདུག་།
    ད་ཁ་ནས་བཤད་དེ་མ་བསྡད་། དུས་ལ་སླེབས་འདུག་ ལངས་ཤོག་ སྐྱ་སེར་བོད་མི་རྣམས།

  2. ༄༅། སྔོན་མ་ཡིན་ན་ང་ཚོ་མང་མས་རང་བཙན་གྱིས་སྐད་འབོད་རྒྱག་པ་དངོས་བདེན་རེད།
    ཡིན་ཡང་དེའི་སྐབས་དེའི་དུས་ཞིག་ཡིན་པ་དང། ད་ཆ་གནས་སྟངས་གང་གི་ཐོག་ནས་ཀྱང་
    འགྱུར་བ་འགྲོ་གི་ཡོད་སྟབས་་་ང་ཚོའི་ལངས་ཕྱོགས་ཀྱང་ངེས་པར་འགྱུར་བ་འགྲོ་དགོས་པ་རེད།

    མ་ཚད་བོད་པས་དབུ་མའི་ལམ་འདི་རྒྱ་བོད་གཉིས་ཕན་གྱི་སྲིད་བྱུས་གཅིག་རེད།
    ད་ཆ་རང་བཙན་རང་བཙན་ཞེས་ག་ཚོད་བཤད་ཀྱང་དོན་དངོས་ཐོག་ཡོང་ཡ་རྩ་བ་ནས་མེད་པ་
    ཞིག་མཐོང་གི་འདུག།
    དགོས་རྒྱུ་པག་ལ་པག་ཁུ་ད་ར་དགོས་ཀྱང་་་ད་ར་མེད་ན་པག་ཁུ་ཆུ་ལ་བརྟེན་དགོས་པ་ངེས་ཅན་རེད།
    རང་བཙན་རྩོད་ན་ངེས་པར་དགོས་གལ་ཡོད་པ་གསུམ་རང་རེད།
    ༡) བོད་རང་བཙན་རྩོད་པར་དཔལ་འབྱོར་ངེས་པར་དགོས་པ།
    ༢) དེང་དུས་དང་མཐུན་པའི་དམག་མི་དང་མཚོན་ཆ་དགོས་གལ་ཆེ་བ།
    ༣) འཛམ་་གླིང་རྒྱལ་ཁབ་ཆེ་ཁག་ནས་དོན་དམ་པའི་རྒྱབ་སྐྱོར་དགོས་གལ་ཆེ་བ་ཡིན།
    ད་ལྟ་བར་ལ་་རྒྱལ་ཁབ་སུས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད།
    གོང་གསལ་གསུམ་མེད་ན་་་་སྦལ་པ་རྒྱ་མཚོའི་གཏིང་ནས་སྡུག་སྐད་ག་ཚོད་བརྒྱབ་ཀྱང་
    འཛམ་གླིང་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་དང་བདག་པོ་ནམ་ཡང་མི་རྒྱག་ཐག་ཆོད་པ་རེད།

  3. གཞུང་པ་ཚེ་དབང་བསོད་ནམས་་

    དེ་སྔོན་གསུམ་བཅུའི་དུས་དྲན་སྐབས་ང་ཚོས་རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཟེར་བ་དང་
    བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་བ་དང་བོད་རང་བཙན་ཡིན་ཟེར་བ་སོགས་ལ་འགན་
    འཁུར་ནས་གསུམ་བཅུའི་དུས་དྲན་སྲུངས་རྩི་ཞུ་བཞིན་པ་དང་ལོ་རབས་ཉིས་སྟོང་ཤར་ནས་
    ང་ཚོས་གསུམ་དུས་སྐབས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་སྐད་གསང་མཐོ་བོའི་འདོན་པ་
    ལས་དེ་སྔའི་འབོད་ཚིག་གོ་རྒྱུ་མེད་པ་ཆགས་པ་མ་འོངས་པར་ང་ཚོའི་ལག་ལྟར་བྱེད་བཞིན་
    པའི་མང་གཙོའི་ལམ་ལུགས་འདི་ཡང་ཁ་ཕྱོགས་ག་འདྲ་ཞིག་ཏུ་ཕྱོགས་མིན་འཐེ་འཚོམ་ནང་དུ་
    ལྷག་མི་འདུག་གམ་?

  4. བློ་བཟང་དོན་གྲུབ

    འདི་ཡང་བཙན་བྱོལ་སྤྱི་ཚོགས་དཀྲུག་བྱེད་ཀྱི་རྒྱ་ཐུར་རང་ལས་མ་འདས་གང་ལྟར་བསམ་ཆར་དེ་ལ་མོས་པ་བྱུང་མ་སོང་