བོད་རང་སྐྱོང་ལྗོངས་ནང་གནམ་ཐང་གསུམ་རྒྱག་འཆར་འདུག

རྒྱ་ནག་གཞུང་གིས་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ཏེ་རྒྱ་དཀར་ནག་གི་ས་མཚམས་མངའ་རིས་དང་ལྷོ་ཁ། གཞིས་ཀ་རྩེ་བཅས་སུ་གནམ་ཐང་གསར་པ་གསུམ་རྒྱག་འཆར་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཡུལ་སྐོར་བའི་དང་བ་འདྲེན་པ་དང་དཔལ་འབྱོར་ཡར་རྒྱས་ཆེད་ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་དང་ལྷོ་ཁ། དེ་བཞིན་མངའ་རིས་བཅས་སུ་གནམ་ཐང་གསུམ་གསར་དུ་རྒྱག་པའི་ལས་གཞི་མགོ་འཛུགས་རྒྱུ་ཡིན་སྐོར་བསྒྲགས་འདུག

ས་གནས་གཞུང་དང་དམངས་སྤྱོད་མཁའ་འགྲུལ་ཁང་གིས་བརྗོད་པ་ལྟར་ན། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨི་ཊིར་ ༣༩༠༠ ཡན་གྱི་གནམ་ཐང་ལས་གཞི་དེ་དག་ཕྱི་ལོ་ ༢༠༢༡ ལོར་འགྲུབ་འཆར་ཡོད་པ་དང་། གནམ་ཐང་དེ་གསུམ་པོ་བཟོ་གྲྭ་འདྲ་མིན་གསུམ་གྱིས་འགན་ཁུར་འོག་འཛུགས་སྐྲུན་བྱ་རྒྱུ་ཁས་ལེན་བྱུང་བ་ལྟར། རྒྱལ་ས་གནམ་ཐང་བཟོ་ལས་ཁང་ཟེར་བ་ཞིག་གིས་ལྷོ་ཁའི་གནམ་ཐང་དང་། ཧྲང་ཧེ་གནམ་ཐང་བཟོ་ལས་ཁང་གིས་གཞི་ཀ་རྩེའི་གནམ་ཐང་། ནུབ་རྒྱུད་གནམ་ཐང་མཉམ་ལས་ཁང་གིས་མངའ་རིས་ཀྱི་གནམ་ཐང་ལས་གཞི་འགན་ལེན་བྱ་རྒྱུ་ཡིན་འདུག

ཉེ་སྔོན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས། བོད་ནང་འཛུགས་བསྐྲུན་ལས་འཆར་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་དེ་དག་གིས་རྒྱ་ནག་གི་དབང་འཛིན་གཅིག་སྡུད་བྱེད་པར་གཙོ་བོ་ཕན་པ་ལས་བོད་མི་ཚོའི་འཚོ་བའི་གནས་བབ་དང་དབུལ་ཕོངས་ཀྱི་འཚོ་བ་ལས་སྐྱོབ་ཐབས་སུ་དེ་ཙམ་ཕན་ཐོགས་མེད་པ་དང་། ལས་འཆར་དེ་དག་ནི་རྒྱ་ནག་གིས་ཕྱོགས་གཅིག་གི་ཐག་གཅོད་ཁོ་ན་ལས་ས་གནས་ཡུལ་མི་དང་གོ་བསྡུར་བྱས་པའི་རིགས་རྩ་བ་ནས་མིན་སྐོར་བརྗོད་ཡོད་པ་རེད།

ཡང་གནད་དོན་དབྱེ་ཞིབ་པ་ཚོས་གནམ་ཐང་དེ་གསུམ་ལས་མངའ་རིས་དང་ལྷོ་ཁ་གཉིས་ནི་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཡོད་པའི་ས་མཚམས་ཏེ། དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པའི་འབྲོག་ལམ་དང་རྒྱ་གར་ནང་གི་ཨ་རུ་ན་ཅལ་མངའ་སྡེ་ལ་འཁེལ་ཡོད་སྟབས། རྒྱ་དཀར་ནག་བར་གྱི་འབྲེལ་བར་དོ་ཕོག་དང་རྒྱ་ནག་གིས་ལས་གཞི་འདྲ་མིན་སྤེལ་ནས་རྒྱ་གར་དང་འབྲེལ་བའི་ས་མཚམས་ཁག་བརྟན་སྲུང་བྱེད་བཞིན་ཡོད་སྐོར་བརྗོད་ཀྱི་འདུག

ད་སྔ་བོད་རང་སྐྱོང་ལྗོངས་ནང་ལྷ་ས་དང་ཆབ་མདོ། ནག་ཆུ་དང་མངའ་རིས། གཞིས་ཀ་རྩེ་བཅས་ཀྱི་དམངས་སྤྱོད་གནམ་ཐང་ལྔ་ཡོད་པ་དང་། མཁའ་ལམ་ཁྱོན་ ༨༦ ཡོད་པ་ལས་གཅིག་ནི་རྒྱལ་སྤྱིའི་མཁའ་ལམ་ཡིན་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply