ཐའེ་ཝན་ནང་ཨ་རིའི་གཞུང་ཚབ་བསྐོས་བར་སྐྱོན་བརྗོད་བྱས།

རྒྱ་ནག་གཞུང་གིས་ཐའེ་ཝན་ནང་ཨ་རིའི་གཞུང་ཚབ་བསྐོ་བཞག་བྱས་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་མེད་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས་ཕྱིར་འཐེན་དགོས་ཟེར།ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཐའེ་ཝན་མཚོ་གླིང་དུ་ཨ་རིའི་གཞུང་ཚབ་གསར་དུ་བསྐོ་བཞག་གནང་ཡོད་པ་དང་། ཐའེ་ཝན་ནང་ཡོད་པའི་ཨ་རིའི་ཁང་པའི་གོ་སྒྲིག་འོག ཨ་རིའི་ཕྱི་འབྲེལ་དྲུང་ཆེ་དང་ཐའེ་ཝན་སྲིད་འཛིན་ཚའེ་ཨན་ཝིན། ཐའེ་ཝན་ཕྱི་སྲིད་བློན་ཆེན་ཇའོ་སི་ཧྥེ་ཝོ(Joseph Wu)། སྲིད་འཛིན་ཟུར་པ་མཱ་ཡེན་ཇོ(Ma Ying-jeou)སོགས་ཀྱི་གཙོས་ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་འཁྲིད་ཁག་ཅིག་མཉམ་འཛོམས་ཀྱིས་དབུ་འབྱེད་མཛད་སྒོ་དངོས་སུ་ཚོགས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དེ་མ་ཐག་ལས་དོན་དེ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་གུས་བརྩེ་མེད་པར་ཨ་རི་གཞུང་གིས་གང་བྱུང་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀིན་སང་(Geng Shuang)ཟེར་བ་དེས་ནམ་རྒྱུན་གྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཏེ། ཨ་རིའི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་གང་ཡང་མེད་པར་ཐའེ་ཝན་མཚོ་འགག་ཏུ་གཞུང་ཚབ་པ་བཏང་བ་དེས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོན་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། ང་ཚོའི་རེ་བར་ཨ་རིའི་གཞུང་གིས་གནད་དོན་རང་ཉིད་ཀྱི་ནོར་འཁྲུལ་ཡིན་པ་ངོས་ཟིན་པའི་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་མི་ཕོག་ཆེད་ནོར་འཁྲུལ་བཅོས་བསྒྱུར་དང་། གཞུང་ཚབ་པ་ཟེར་བ་དེ་ཕྱིར་འཐེན་བྱེད་པའི་རེ་བ་ཡོད། ཅེས་བརྗོད་འདུག

ཐའེ་ཝན་མཚོ་འགག་ཏུ་ལྕམ་ཚའེ་ཡན་ཝིན་སྲིད་འཛིན་དུ་སླེབས་པ་ནས་རྒྱ་ནག་དང་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད་ན་ཡང་། ཨ་རིའི་ཊོམ་ཕུ་གཞུང་གིས་ཐའེ་ཝན་མཚོ་གླིང་ལ་གཞུང་འབྲེལ་མ་ཡིན་པའི་ངོ་བོའི་ཐོག་ནས་འབྲེལ་བ་ཤུགས་ཆེན་འཛིན་གྱི་ཡོད་པ་དང་། ཊོམ་ཕུ་གཞུང་གིས་ཨ་རིའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཐའེ་ཝན་ཕྱོགས་ཀྱི་དཔོན་རིགས་ཚོ་ཨ་རིའི་ནང་ཡོང་མི་ཆོག་པའི་སྲིད་བྱུས་སོགས་ལ་འགྱུར་བ་བཏང་ཡོད་པ་རེད། གཞུང་ཚབ་བསྐོ་བཞག་དབུ་འབྱེད་མཛད་སྒོའི་སྟེང་ལྕམ་ཚའེ་ཡན་ཝིན་གྱིས་རང་དབང་དང་གུ་ཡངས་དམངས་གཙོ་ཤུགས་ཆེན་ཡོད་པའི་ང་ཚོ་ཕན་ཚུན་མཉམ་ལས་བྱས་ཏེ། ཕྱོགས་གཉིས་ཀྱི་ཐུན་མོང་འདོད་མོས་དང་རིན་ཐང་སྲུང་སྐྱོབ་བྱས་པ་ཡིན་ན་ང་ཚོའི་བར་ལ་སུ་གང་གིས་ཀྱང་གནོད་པ་བཟོ་ཐུབ་ཀྱི་མ་རེད། ཅེས་བརྗོད་འདུག

ཕྱི་ལོ་༡༩༧༩ ལོ་ནས་ཨ་རིའི་གཞུང་གིས་ཐའེ་ཝན་རྒྱ་ནག་གི་མངའ་ཁུངས་ཡིན་པར་ངོས་འཛིན་གྱིས་ཕྱོགས་གཉིས་ཀྱི་བར་ལ་དུས་ཡུན་རིང་བོར་འབྲེལ་བ་འཛིན་ཐུབ་མེད་ན་ཡང་། རྒྱ་ནག་གི་གནོན་ཤུགས་འོག ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཐའེ་ཝན་མཚོ་འགག་ལ་མཚོན་ཆ་ཉོ་ཚོང་དང་མཁོ་སྤྲོད་བྱེད་བཞིན་ཡོད་པ་རེད། དེ་བཞིན་འདས་པའི་ཟླ་བ་ཁ་ཤས་སྔོན་ལ་ཊོམ་ཕུ་གཞུང་གིས་ཐའེ་ཝན་མཚོ་འགག་དང་གློག་ཆས་ཀྱི་ཐོན་སྐྱེད་མང་པོའི་ཚོང་ལས་གན་རྒྱ་བཞག་པ་སོགས་ཀྱིས་རྒྱ་ནག་གཞུང་ལ་ཡང་དང་བསྐྱར་དུ་ཁྲོང་ཁྲོ་བསླངས་བ་མ་ཟད། རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ལ་སྐམ་མཚོ་གནམ་གསུམ་ནས་དམག་རྒྱག་རྒྱུ་གྲ་སྒྲིག་ཡིན་པའི་འཇིགས་སྐུལ་ཐེངས་མང་བྱས་ཡོད་པ་རེད།

ཕྱི་ལོ་༡༩༤༩ ལོར་རྒྱ་ནག་ནང་གོ་གུང་སྡེ་གཟར་བྱུང་བ་ནས་རྒྱ་ནག་དང་ཐའེ་ཝན་གཉིས་ཁ་འཐོར་བྱུང་ཡོད་པ་ལྟར། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཐའེ་རྒྱ་གཉིས་ཀྱིས་རྒྱ་ནག་གི་ཚབ་མཚོན་གཞུང་སུ་ཡིན་མིན་གྱི་རྩོད་པ་བྱུང་ཡོད་ན་ཡང་། ཨ་རིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་པ་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་མེད་ན། རྒྱ་ནག་དང་ཚོང་འབྲེལ་མི་བྱེད་སྐོར་བརྗོད་པའི་རྐྱེན་གྱིས་ཐའེ་ཝན་མཚོ་འགག་ལ་རྒྱལ་ཁབ་མང་པོ་ཞིག་གིས་འབྲེལ་ལམ་གཅོད་དགོས་བྱུང་ཡོད་པ་རེད། ཡིན་ན་ཡང་། རྒྱལ་སྤྱིའི་སྲིད་དོན་དཔྱད་བརྗོད་པ་ཚོས་ཐའེ་ཝན་མཚོ་འགག་དུ་རང་དབང་དང་དམངས་གཙོའི་རྩ་བ་བརྟན་པོ་ཞིག་ཚུགས་ཟིན་པས་མི་རིང་བར་རྒྱ་ནག་གིས་ཕྱོགས་ཡོང་ནས་ལག་འཁེལ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply

3 thoughts on “ཐའེ་ཝན་ནང་ཨ་རིའི་གཞུང་ཚབ་བསྐོས་བར་སྐྱོན་བརྗོད་བྱས།

  1. 😲 Congratulation US embassy’s opened in TAIWAN 🇹🇼 WOW Wonderful. What’s a Cute Job United State & TAIWAN. I request Thanks 🙏 for United State Supported for TAIWAN. Long Live US embassy in TAIWAN. 祝賀美國大使館在臺灣開業。哇好極了什麼是可愛的工作美國 & 臺灣。我請求感謝美國支援臺灣。美國駐臺灣大使館萬歲。

  2. གཞུང་པ་ཚེ་དབང་བསོད་ནམས་་

    ཨ་བྱང་གྲོགས་གསར་མཐུན་པ་དང་།
    ཨ་རྒྱ་འཁོན་རྫིང་ལངས་བ་འདི་།
    ཆབ་སྲིད་མི་སྣས་ཆབ་སྲིད་ཟློས་གར་འཁྲབ་།
    ཨ་བྱང་རྒྱ་གསུམ་ཁྱི་སྤྱང་ལག་སྦྲེལ་འོག་།
    འཛན་གླིང་ཧྲིལ་པོ་བླུན་པོའི་ཁྱུ་ལ་རྒྱུར་།