༧གོང་ས་མཆོག་སྐུ་གཟུཊ་གསལ་ཐང་ཡིན།

ཉེ་སྔོན་གསར་ཁང་ཞིག་གིས་༧གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཏེ་མི་མང་པོར་སེམས་འཚབ་བསླངས་ཡོད་ཀྱང་སྐུའི་བླ་སྨན་པ་སོགས་ནས་༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པས་ཚང་མས་ཐུགས་ལྷོད་ལྷོད་གནང་རོགས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་དྷི་ཁུ་ཡིན་ཊི་ ( The Quint) ཞེས་པའི་གསར་ཁང་ཞིག་གིས། མིང་འདོན་མ་བྱས་པའི་རྒྱ་གར་གསང་བའི་མི་སྣ་ཞིག་གི་སྐད་ཆ་ཡིན་ལུགས་ཀྱིས་༧གོང་ས་མཆོག་ནས་འབྲས་སྐྲན་གྱི་སྙུང་གཞི་བཞེས་ཏེ། ད་ཆ་བཅོས་ཐབས་མེད་པར་གྱུར་ཡོད་ལུགས་སོགས་ཀྱི་གནས་ཚུལ་བསྒྲགས་ཡོད་ཀྱང་། དེ་རིང་༧གོང་ས་མཆོག་གི་སྐུའི་བླ་སྨན་པ་དང་དབུས་བོད་མིའི་སྒྲིག་འཛུགས་ནས་གནས་ཚུལ་དེ་དཀྲོག་གཏམ་ཡིན་པ་དང་། ༧གོང་ས་མཆོག་སྐུ་གཟུགས་གསལ་ཐང་ཡིན་པ་གསལ་བཤད་གནང་འདུག

སྐུའི་སྨན་པ་ཚེ་བརྟན་ལགས་ཀྱིས། ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་དེ་ཉམ་དམའ་བོ་དང་ཛ་དྲག་པོ་ཡིན་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དེ་རྩ་བ་ནས་བདེན་པ་མ་རེད། ཅེས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༦ ནས་༨ བར་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་གསུང་ཆོས་བསྩལ་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོར་ལྡི་ལི་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡར་ (Lithuania) ཆིབས་སྒྱུར་བསྐྱངས་ཡོད་པ་རེད། དེ་ནས་ཕྱི་ཟླ་ ༧ ནང་ལ་དྭགས་ལ་ཆིབས་སྒྱུར་བསྐྱང་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༩ ནང་ཡུ་རོབ་ལ་བསྐྱར་དུ་ཆིབས་སྒྱུར་བསྐྱང་རྒྱུ་རེད། གལ་ཏེ་སྐུའི་སྙུང་གཞི་ཛ་དྲག་པོ་ཡིན་ན། ཡུ་རོབ་རྒྱལ་ཁབ་ཁག་དང་ལ་དྭགས་སོགས་ལ་ཆིབས་སྒྱུར་རྩ་བ་ནས་གནང་མི་ཐུབ་པར་བརྟེན། ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་ཧ་ཅང་ཡག་པོ་ཡོད། ད་ལོའི་ལོ་མགོ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆ་ཚང་གནང་བ་རེད། སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་ལ་ཕེབས་དགོས་བྱུང་བ་དང་། ཉིན་རེའི་ཕྱག་ལས་གནང་མ་ཐུབ་པ་སོགས་རྩ་བ་ནས་མེད་སྟབས། ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་གསལ་ཐང་ཡིན་པས་ཚང་མ་ཐུགས་ལྷོད་ལྷོད་ངང་བཞུགས་གནང་རོགས་གནང་། ཞེས་གསུངས་འདུག

དབུས་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམས་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་རེད། ༧གོང་ས་མཆོག་ནས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དུས་རྒྱུན་ནས་གསུང་གི་ཡོད་སྐོར་བརྗོད་ཡོད་པ་དང་། སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསར་ཁང་དེས་གནས་ཚུལ་མ་བཀོད་སྔོན་ལ་སྐུ་སྒེར་ལ་འབྲེལ་བ་ཞུས་མེད་པ་དང་། དེ་ནི་བསམ་བཞིན་དུ་སུན་གཙེར་བཟོ་འདོད་ཀྱི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག

ན་ནིང་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་གོང་ས་མཆོག་གིས་ཨ་རིའི་སན་དྷིའ་གྷོ་རུ་མི་མང་ལ་བཀའ་སློབ་གནང་སྐབས། ལོ་གཉིས་ཀྱི་གོང་དུ་ཁོང་ལ་འབྲས་ནད་ཀྱི་ཤུལ་ཕྲན་བུ་ཡོད་པ་དེ་ད་ཆ་རྦད་དེ་མེད་པ་ཆགས་ཡོད་པ་དང་། སྨན་པས་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་ལེགས་པོ་ཡོད་སྐོར་བརྗོད་ཡོད་པ་གསུངས་འདུག

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply

4 thoughts on “༧གོང་ས་མཆོག་སྐུ་གཟུཊ་གསལ་ཐང་ཡིན།

  1. གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུའི་སྙུང་གཞི་རྗ་དྲག་ཡོད་སྐོར་ཁུངས་ལུང་མེད་པའི་གནས་ཚུལ་ཐོན་པ་དེ་
    སུ་ཡིན་པ་དང་་་དེ་ལ་ག་རེ་སྤྲད་ཡོད་པ་། གནས་ཚུལ་སྤེལ་མཁན་དེ་ངོ་ཚ་རྒྱུ་མེད་པའི་མི་ཞིག་ཡིན་པ་རེད།
    ངོ་ཚ་མེད་ན་ཁྲིམས་མེད་ལུང་མེད་བཤད། ངོ་ཚ་མེད་ན་དྲང་པོ་རྫུན་མར་བཤད།
    ཤེས་ཡོན་མེད་པས་ངོ་ཚ་ག་ནས་ཡོང། རང་གི་འཚོ་བ་གཞན་གྱི་ལག་རུ་སྤྲད།
    རང་གི་རང་དབང་གཞན་གྱི་ལག་ཏུ་ཤོར། འདི་ནི་སྐྱོ་ཞིང་སྐྱོ་ལ་བཤད་ཀྱང་ངོ་རེ་ཚ།

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    གོང་ས་མཆོག་སྐུ་གཟུགས་གསལ་པོ་ཡིན་པ་གཞིས་བྱེས་བོད་མི་ཚང་མས་
    ཤེས་ཀྱི་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་དང་རང་དབང་ཅན་གྱི་
    གསར་འགོོད་ཚོའི་གང་བྱུང་མང་བྱུང་མི་མང་ལ་ཁྱབས་བསྒྲགས་མ་གནང་
    ན་དགའ་ལེ་རེད་ལ་དཀྲོགས་གཏམ་སྤེལ་མཁན་གྱི་གསར་འགོད་གསར་
    ཤོག་དེ་དག་ལ་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་འགན་
    འཁུར་མི་སྣས་དུས་ཐོག་བརྡ་འདེད་འདྲི་རྩད་དང་ཁྲིམས་གཏུགས་
    དགོས་པ་ལས་མི་མང་ལ་གནས་ཚུལ་བདེན་པ་མ་རེད་ཟེར་བའི་གསལ་བཤད་
    དེ་ནི་རང་འགན་མ་འཁྱོགས་ནས་འུ་ཐུག་གི་སྐད་ཆ་ཙམ་ལས་མ་འདས་སོ་།

  3. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    མ་བདེན་རྫུན་སྒྲིག་གི་ཚབ་ཆེན་གྱི་གནས་སྤེལ་མཁན་ལ་འབྲེལ་ཡོད་ལས་ཁུངས་ནས་ད་འདེད་ནན་པོ་གནང་
    མ་ཐུབ་ཚེ་མ་འོངས་མགོ་ལས་རྨ་ཆེ་བ་བཟོ་སྲིད་པ་བཅས་།