བསྟན་འཛིན་རྡོ་རྗེ་ལཊ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོཊ་གཙོར་བསྐོས།

འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་སྤྱི་མོས་འདེམས་ཐོན་བྱུང་འདུག

ཟླ་འདིའི་ཕྱི་ཚེས ༡༢ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག  རྒྱལ་སྤྱིའི་ཆོས་དད་རང་དབང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་དང་། བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དང་འབྲེལ་བའི་སྐོར་ནས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་སྐོར། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་སྐོར་ལ་གང་ཡོང་ཅི་ཡོང་གནང་ཡོད་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ་ཁོང་དེ་སྔོན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་བདམས་ཡོད་པ་དང་། ད་ལོར་ཚོགས་གཙོར་འདེབས་ཐོན་བྱུང་བར་དམིགས་བསལ་མྱོང་ཚོར་ཅི་བྱུང་དང་། ལོ་སྔོན་མ་དག་གི་ལས་དོན་ཐད་ལེགས་འགྲུབ་ག་རེ་བྱུང་ཡོད་མེད་སྐོར་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན། དེ་སྔོན་ལྕམ་ནན་སི་ཕི་ལོ་སི་ལགས་ནས་གྲོས་ཚོགས་ནང་མིང་འདོན་གནང་སྟེ་ཆོས་དད་རང་དབང་གི་འགན་འཛིན་གྲས་སུ་བདམས་པ་རེད། སྤྱིར་བཏང་ང་རང་སྒེར་ལ་མཚོན་ན་དེ་ཅུང་ཙམ་དཀའ་ལས་ཁག་པོ་བྱུང་། ཡིན་ན་ཡང་། ང་རང་ཚོ་བོད་པ་ཞིག་དང་ནང་པ་ཞིག་ལ་ཆེ་མཐོང་སྤྲད་དེ་བསྐོ་བཞག་བྱུང་བ་དེ་ལོ་རྒྱུས་གསར་པ་ཞིག་ཆགས་ཀྱི་ཡོད་པས་དང་ལེན་ཞུས་པ་ཡིན། དེ་བཞིན་ན་ནིང་གི་ལས་དོན་ཁག་ལ་མཚོན་ན། སྙན་ཐོའི་ནང་གསལ་བ་བཞིན་སྤྱིའི་ཆ་ནས་དཔེ་ཡག་པོ་བྱུང་ཡོད་པ་རེད། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དང་འབྲེལ་བའི་སྐོར་ནས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་སྐོར། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་སྐོར་ལ་གང་ཡོང་ཅི་ཡོང་བྱས་པ་ཡིན། དཔེ་མཚོན་ཙམ་ཞུས་པ་ཡིན་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་སྐོར་ལ་བསྒྲགས་གཏམ་སྤེལ་བ་དང་། ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་དོན་སྐོར་ལ་གྲོས་ཆོད་བཞག་སྟེ་སྔར་བྱུང་མ་མྱོང་བ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་དེ་བོད་པ་རང་གིས་མ་གཏོགས་ངོས་འཛིན་བྱས་མི་ཆོག་པ་བྱས་ཡོད་པ་རེད། འདི་དག་་གི་ཐད་ལ་ང་ཚོས་དངོས་གནས་ཤུགས་བརྒྱབས་ཡོད་པ་རེད་ལ་གནད་འགག་ཆེན་པོ་ཡང་ཆགས་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་བཞིན་ཁོང་ལ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཟིན་པ་ལྟར། མ་འོངས་པར་འཆར་གཞི་གང་ཡོད་དང་ལྷག་པར་དུ་བོད་དོན་སྐོར་ལ་དམིགས་བསལ་འཆར་གཞི་སོགས་ཡོད་མེད་དྲིས་པར། སྤྱིའི་ཆ་ནས་ཚོགས་གཙོར་འདེམས་ཐོན་བྱུང་མ་ཐག་ཙམ་ཡིན་པས་ད་ལྟའི་ཆར་འཆར་གཞི་གསར་པ་དེ་འདྲ་མེད་མོད། མ་གཞི་ལས་དོན་ཐད་མི་གཅིག་གིས་འཆར་གཞི་ལྟར་མ་ཡིན་པར་ང་ཚོ་ཕན་ཚུན་ནང་ཁུལ་ལ་བཀའ་བསྡུར་བྱས་ཏེ་འགྲོ་དགོས་ཀྱི་ཡོད་པ་རེད། གལ་ཆེ་ཤོས་དེ་ང་ཚོའི་ལོ་རེ་རེར་སྙན་ཐོ་རེ་བཏོན་དགོས་ཀྱི་ཡོད་པ་ལྟར། སྙན་ཐོ་དེ་ཡར་རྒྱས་དང་སྲིད་བྱུས་རང་གི་སྐོར་ལ་ཤུགས་སྣོན་བྱ་རྒྱུའི་གྲོས་བསྡུར་ཡོད་པ་རེད། ཐེངས་འདིར་ང་ཚོས་ཚོགས་འདུ་དང་པོ་ཚོགས་པ་རེད་ལ་ལས་གྲོགས་ཚོ་ཚང་མ་གསར་པ་ཆགས་ཡོད་དུས་ང་ཚོ་ཕན་ཚུན་ནང་འབྲེལ་བ་འཛུགས་དགོས་ཀྱི་ཡོད་པ་རེད། དེ་བཞིན་བོད་ནང་གི་ཆོས་དད་རང་དབང་དེ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་འོག་ལ་ཚུད་ཀྱི་ཡོད་དུས་ན་ནིང་གི་ལས་དོན་དེ་དག་མུ་མཐུད་རྒྱུ་དང་། གཞན་བསམ་བློ་གསར་པ་ག་རེ་གཏོང་དགོས་པ་སོགས་ཀྱི་སྐོར་ལ་བསམ་བློ་གཏང་གི་ཡིན། དེ་མིན་ང་རང་ལ་ཚོགས་གཙོའི་འགན་དེ་ཡོད་པ་ཡིན་དུས་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀར་ཆོས་དད་རང་དབང་གི་སྐོར་ལ་སྲིད་དོན་གྱི་རྙོག་དྲ་མེད་པའི་ངང་ནས་འགྲོ་ཐུབ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཡིན་ན་ཡང་། ད་སྔ་དེ་འདྲ་གང་ཡང་བྱུང་མེད་པར་ལས་དོན་དེ་དག་གི་ཐོག་དགོངས་པ་བཞེས་ནས་དཔེ་ཡག་པོ་གནང་གི་འདུག ཅེས་བརྗོད་བྱུང་།

རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་འབྲེལ་གསལ་བསྒྲགས་ནང་། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཡོངས་ཁྱབ་ཀྱི་འོས་འདེམས་བྱས་ཏེ། འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། ལྕམ་ཀེར་སི་ཊི་ནཱ་ཨེ་རི་ཡ་གྷ་ (Kristina Arriaga) ལགས་དང་ལྕམ་གྷིལ་མན་ཆིན་(Gayle Manchin) ལགས་གཉིས་ཚོགས་གཙོ་གཞོན་པར་འདེམས་ཐོན་བྱུང་ཡོད་པ་དང་།  སྐབས་དེར་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁོང་ཚོགས་གཙོར་སྤྱི་མོས་ཀྱི་ཐོག་ནས་འདེམས་ཐོན་བྱུང་བ་ནི་ཆེ་བསྟོད་རྩ་ཆེན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་དང་། གོ་ལ་འདིའི་ཐོག་ཆོས་དད་རང་དབང་གི་དཀའ་ངལ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་ང་ཚོ་ལས་རོགས་ཀུན་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་དང་ལས་གཞི་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནི་ཕྱི་ལོ་༡༩༩༨་ལོར་གསར་དུ་བཙུགས་ཡོད་པ་དང་། ཚོགས་པ་དེ་ནི་རང་དབང་ལྡན་པའི་གཞུང་གི་ལྷན་ཚོགས་ཤིག་ཡིན་པ་དང་། ལྷན་ཚོགས་དེའི་ཚོགས་མི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་མཐོ་རིམ་མགོ་འཁྲིད་ཚོས་བསྐོ་བཞག་གནང་གི་ཡོད་པ་དང་། ཚོགས་པ་དེའི་ལས་དོན་གཙོ་བོ་རྒྱལ་སྤྱིའི་ཐོག་ས་ཁུལ་གང་ཞིག་ཏུ་ཆོས་དད་རང་དབང་རྡོག་རོལ་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ། གྲོས་ཚོགས་བཅས་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་ཐད་ལམ་སྟོན་བྱེད་རྒྱུ་དང་ཆོས་དད་རང་དབང་སྐོར་ལ་བསྒྲགས་གཏམ་སྤེལ་བཅུག་རྒྱུ་བཅས་ཡིན་འདུག དེ་བཞིན་ལྷན་ཚོགས་དེས་ལོ་རེར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་སྙན་ཐོ་རེ་འདོན་གྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply

2 thoughts on “བསྟན་འཛིན་རྡོ་རྗེ་ལཊ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོཊ་གཙོར་བསྐོས།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་་ཀྱི་ཐོབ་ཐང་
    བུད་མེད་ཀྱི་ཐོབ་ཐང་བྱིས་པའི་ཐོབ་ཐང་སོགས་ཆབ་སྲིད་དགོས་མཁོ་ལ་དམིགས་པའི་ཐོབ་ཐང་མང་པོ་
    བཟོས་ཡོད་ན་ཡང་དོན་དངོས་ལག་ལེན་དུ་ལྟར་མཁན་ཉིན་སྐར་ཙམ་ལས་མ་མཐོང་ཡང་ད་ལམ་
    བོད་མི་ཞིག་ཆོས་ལུགས་སྡེ་ཚན་གྱིས་ཚོགས་གཙོ་ལ་བཞག་པ་འདིའི་ང་ཚོ་བོད་མི་རིགས་ལ་བསམ་ན་དགའ་
    འོས་པ་ཞིག་ཡིན་པ་དང་དོ་བདག་ཁོང་ལ་བསམ་ན་ལས་འགན་ཆེན་པོ་ཞིག་མདུན་དུ་ལྷག་ཡོད་པའི་
    ངོས་འཛིམ་ཡང་ཞུ་གི་ཡོད་ན་ད་ལམ་མཁས་དབང་བསྟན་འཛིན་རྡོ་རྗེ་ལགས་ལ་བོད་མི་གཅིག་པའི་
    འདུ་ཤེས་དང་ཚོར་བ་ཟབ་པོའི་ཐོག་ནས་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་གི་ཡོད་
    ཐུགས་རྗེ་ཆེ་བཀྲིན་ཆེ་།

  2. ༄༅། བསྟན་འཛིན་རྡོ་རྗེ་ལགས་་བཀྲིས་བདེ་ལེགས་ཡོད།
    སྤེན་ཆེན་རིན་པོ་ཆེའི་སྐོར་ལ་དོན་ལྡན་ཞིག་ཡོང་བའི་འབད་བརྩོན་གནང་རོགས་གནང།
    སྐུ་ཉིད་ནས་གང་ཐུབ་གནང་གི་འདུག་ ཐུགས་རྗེ་ཆེ།