དཔེ་མཚོན་བྲལ་བའི་རྒྱལ་འབྲེལ་ནི་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱི་གྲོས་མོལ་རེད་ཟེར།

ལོ་རྒྱུས་རང་བཞིན་ལྡན་པའི་ཨ་བྱང་གི་ཐུག་འཕྲད་སྐབས་བྱང་ཀོ་རི་ཡས་འཛིན་བཟུང་འོག་ཡོད་པའི་བཙོན་པ་རྣམས་ཀློད་གྲོལ་དང་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་ཡུལ་གཅིག་རྩ་གཏོར་གཏོང་རྒྱུ་དང་། ཨ་རིས་ལྷོ་ཀོ་རི་ཡའི་མངའ་ཁུལ་གྱི་དམག་སྦྱོང་མཚམས་འཇོག་དང་། བྱང་ཀོ་རི་ཡའི་ཚོང་འབྲེལ་རང་དབང་གུ་ཡངས་སུ་གཏོང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད་ཟེར།ཁ་སང་སྔ་དྲོར་སེངྒ་པོའི་གླིང་ཕྲན་སན་ཊོ་སའི་ཁེ་ཕུ་ལ་(Capella)གསོལ་མགྲོན་ཁང་དུ།
ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་དངོས་སུ་ཐུག་སྟེ་ཨ་བྱང་གཉིས་ཀྱི་འབྲེལ་ལམ་ཐད་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གི་ཁ་འབྱེད་ཡོད་པ་དང་། སྲིད་འཛིན་གཉིས་ཐོག་མར་ཐུག་པ་དང་ཨ་རིའི་སྲིད་འཛིན་ཊོམ་ཕུས་ང་ཚོའི་བར་འབྲེལ་ལམ་དཔེ་མི་སྲིད་པའི་ཡག་པོ་ཞིག་ཡོང་བར་ང་ལ་ཐེ་ཚོམ་མེད། ཅེས་བརྗོད་ཡོད་པ་དང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱིས། འདས་དོན་གྱི་འགལ་ཟླའི་རྐྱེན་པས་འདིར་ཡོང་བར་ལས་སླ་པོ་མ་བྱུང་ཡང་། དེ་རིང་ང་ཚོས་འགལ་ཟླ་དེ་དག་རྒྱབ་ཏུ་བཞག་སྟེ་འདིར་ཡོང་བ་ཡིན། ཞེས་བརྗོད་ཡོད་པ་རེད།

གྲོས་མོལ་གྱི་ཉིན་རྒྱབ་ཏུ་དངོས་སུ་ཨ་བྱང་གཉིས་ནས་གྲོས་མཐུན་ཡིག་ཆར་མཚན་རྟགས་འགོད་སྐབས་ཨ་རིའི་སྲིད་འཛིན་ཊོམ་ཕུས། ངེད་གཉིས་ཀྱིས་ཡིག་ཆ་ཧ་ཅང་གལ་ཆེན་ཞིག་ལ་མཚན་རྟགས་འགོད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཀེམ་ཇོང་ཨན་གྱིས་འཛམ་གླིང་གིས་འགྱུར་ཆེན་པོ་ཞིག་མཐོང་གི་རེད། ང་ཚོས་འདས་དོན་རྒྱབ་ལ་བཞག་སྟེ་ལོ་རྒྱུས་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ལ་མཚན་རྟགས་འགོད་ཀྱི་ཡོད། ཅེས་སྐད་བསྒྱུད་བ་བརྒྱུད་བརྗོད་ཡོད་པ་རེད། སྲིད་འཛིན་གཉིས་ནས་མཚན་རྟགས་བཀོད་རྗེས། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཀེམ་ཇོང་ཨན་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་ཞུའི་མགྲོན་འབོད་བྱས་ཡོད་པ་ལྟར། ཀེམ་ཇོང་ཨན་གྱིས་ཉིན་ཞིག་ཁོ་ཨ་རིར་ཡོང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག

ཐེངས་འདིའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་ཐོག་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ལས་བྱེད་བཀོད་འདོམ་ལྷན་ཁང་གི་འགན་འཛིན་ཇོ་ཧན་ཀེ་ལི་(John Kelly)ལགས་དང་སྐད་བསྒྱུར་བ། ཕྱི་སྲིད་དྲུང་ཆེ་མེག་པོམ་ཕེའི་(Mike Pompeo)ལགས། དེ་བཞིན་རྒྱལ་སྲིད་བདེ་འཇགས་ལམ་སྟོན་པ་ཇོ་ཧན་བྷོལ་ཊོན་(John Bolton)བཅས་དང་། བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རི་ཡོན་ཧོ་(Ri Yong Ho)དང་། དམར་ཤོག་ཚོགས་པའི་ཚོགས་གཞོན་ཀེམ་ཡོན་ཆིལ(Kim Yong Chol)། དམར་ཤོག་ཚོགས་པའི་དབུས་རྒྱུན་དང་ཚོགས་གཞོན་རེ་སོ་ཡོན་(Ri Su Yong)དང་སྐད་བསྒྱུར་བ་བཅས་རྒྱལ་ཁབ་རེའི་མི་ལྔ་རེ་མཉམ་ཞུགས་བྱས། གྲོས་མོལ་སྐབས་དམིགས་བསལ་ཨ་རིའི་ལག་རྩེད་སྤོ་ལོ་རྩེད་མཁན་ཟུར་པ་དང་། ཨ་བྱང་གི་སྲིད་འཛིན་གཉིས་ཀྱི་གྲོགས་པོ་ཡག་ཤོས། ད་རེས་ཀྱི་གྲོས་མོལ་གྲ་སྒྲིག་བྱེད་མཁན་གཙོ་གྲས་ཌན་ནེ་སི་རོ་ཌི་མན་(Dennis Rodman)ལགས་ཕེབས་ཡོད་པ་དང་། ཁོང་གིས་གསར་འགོད་པར་ཚོར་ཤུགས་ཆེན་པོས་གྲོས་མོལ་འདི་ལམ་ལྷུང་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ལ། ངས་འཛམ་གླིང་ནང་གནས་ཚུལ་མང་པོ་ཞིག་གོ་རྟོགས་སྤེལ་ཐུབ་པར་བརྟེན་ད་རེས་ཨ་བྱང་གི་གྲོས་མོལ་ནང་ཆ་ཤས་ལེན་ཐུབ་པར་ཧ་ཅང་དགའ་པོ་བྱུང་བ་མ་ཟད། བྱང་ཀོ་རི་ཡས་འཛམ་གླིང་གི་མི་མང་པོ་ཞིག་ལ་འདི་ལྟར་གྲོས་མོལ་བྱེད་པའི་མིག་དཔེ་བཞག་སོང་། ད་རེས་ཨ་རི་དང་བྱང་ཀོ་རི་ཡའི་བར་ཐོག་དང་པོར་གྲོས་མོལ་སྒོ་འབྱེད་བྱེད་ཀྱིན་ཡོད་ཀྱང་མི་མང་པོ་ཞིག་གིས་རེ་བ་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད་པ་རེད། ངས་བསམ་ན་གཅོ་བོ་ཕྱོགས་གཉིས་ལ་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་རྒྱུ་གལ་ཆེན་རེད། ཅེས་དང་། སྔོན་མ་ནས་ཁོང་གིས་བྱང་ཀོ་རི་ཡར་རོགས་སྐྱོར་བྱེད་འདོད་ཡོད་པ་མ་ཟད། བྱང་ཀོ་རི་ཡ་སྲུང་སྐྱོབ་ཆེད་འཇིགས་སྐུལ་ཡང་ཐེབས་མྱོང་ཡང་དེ་རིང་ཧ་ཅང་སྐྱིད་པོ་ཡོད་པ་དང་། ཁོང་གིས་དེ་སྔོན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལའང་བྱང་ཀོ་རི་ཡ་དང་གྲོས་མོལ་བྱེད་དགོས་སྐོར་བཤད་ཡོད་ཀྱང་ཁོ་ལ་དེའི་གོ་སྐབས་སྤྲད་མེད་སྐོར་སོགས་བརྗོད་འདུག

ཅིའི་ཕྱིར་འབྲེལ་མོལ་བྱེད་ཡུལ་སེངྒ་པོར་བདམས་པ་རེད།
ཨ་བྱང་གཉིས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་བྱེད་ཡུལ་དེ་སེངྒ་པོར་བདམས་པའི་སྐོར་ལ་རྒྱུ་མཚན་ཆེན་པོ་བདུན་བགྲང་གི་འདུག དང་པོ། ས་གནས་ཀྱི་ཆ་ནས་སེངྒ་པོར་དང་བྱང་ཀོ་རི་ཡ་ཐག་ཉེ་ཡིན་སྟབས། ཀེམ་ཇོང་ཨན་སྟབས་བདེ་ངང་སེངྒ་པོར་ནང་བསྐྱོད་ཆོག་གི་ཡོད་པ་དང་། གཉིས་པ་སེངྒ་པོར་ནི་ཨ་རིའི་ཨེ་ཤ་ཡའི་བདེ་འཇགས་དང་ཚོང་ལས་མཉམ་འབྲེལ་གྱི་རྒྱལ་ཁབ་ཐག་ཉེ་ཤོས་ཤིག་ཡིན་པ་རེད། གསུམ་པ་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ལ་སེངྒ་པོར་ནང་སོ་སོའི་གཞུང་ཚབ་ཁང་རེ་ཡོད་པ་རེད། བཞི་བ་ཨ་བྱང་གཉིས་ནས་སེངྒ་པོར་དང་ལྷན་དུ་ཚོང་རྒྱག་གི་ཡོད་པ་དང་། ད་ལྟའི་ཆར་བྱང་ཀོ་རི་ཡར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོང་འབྲེལ་ཁྲིམས་ཆད་བཅད་དེ་སེངྒ་པོར་དང་ཚོང་འབྲེལ་མེད་པ་རེད། ལྔ་བ་སེངྒ་པོར་ནི་འཛམ་གླིང་ཡུལ་གྲུ་ཁག་གི་རྩོད་རྙོག་འདུམ་འགྲིག་བྱེད་ཡུལ་གྲགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དྲུག་པ་སེངྒ་པོར་གཞུང་གིས་གྱེན་ལོག་དང་ཡིན་ལུགས་ཚུལ་ལྡན་མིན་པའི་གསར་འགོད་པ་བཅས་ལ་དམ་དྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། བདུན་པ་སེངྒ་པོར་ནི་ཕྱོགས་གཉིས་ལ་གཡོ་ཟོལ་མེད་པར་ཟམ་པ་ལྟ་བུ་ཆགས་ཡོད་སྟབས་ཨ་རིར་མཚོན་ན་ལྡེའུ་མིག་ལྟ་བུར་གྱུར་ཡོད་པར་བཤད།

གྲོས་མོལ་ལ་ཨ་རི་མི་མང་གི་ངོས་འཛིན།

ད་རེས་ཨ་བྱང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་ལ་ཨ་རིའི་མི་མང་ནང་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་དང་། ཨ་རིའི་མངའ་སྡེ་ཁ་ནེག་ཊི་ཁ་ཊི་(Connecticut)ཧམ་ཌན་གྲོང་ཚོའི་ནང་རྟེན་གཞི་བྱས་པའི་(Quinnipiac)གཙུག་ལག་སློབ་གཉེར་ཁང་གིས། ཨ་རིའི་རྒྱལ་ཡོངས་ནང་ཨ་བྱང་གི་གྲོས་མོལ་ལ་འདོད་མོས་དང་གྲུབ་འབྲས་ག་འདྲ་ཡོང་རྒྱུ་ཡིན་མིན་ཐད་མང་ཚོགས་ནང་ཞིབ་འཇུག་བྱས་ཏེ་སྙན་ཐོ་ཞིག་བཏོན་པའི་ནང་། ཨ་རིའི་མི་མང་བརྒྱ་ཆ་ ༧༢ ཀྱིས་སྲིད་འཛིན་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། མི་མང་བརྒྱ་ཆ་ ༦༨ ཀྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་བ་ནས་འདོར་གྱི་མེད་པར་ངོས་འཛིན་བྱས། མི་མང་བརྒྱ་ཆ་ ༢༠ ཙམ་གྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་འདོར་སྲིད་པའི་རྣམ་འགྱུར་བསྟན་ཡོད་པ་རེད། ཡང་ཨ་རིའི་གཞུང་འཛིན་སྤྱི་མཐུན་ཚོགས་པའི་ཚོགས་མི་བརྒྱ་ཆ་ ༣༠ ཡིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་འདོར་སྲིད་པར་རྒྱབ་སྐྱོར་དང་། བརྒྱ་ཆ་ ༤༧ གྱིས་རྡུལ་ཕྲན་མཚོན་ཆ་འདོར་མི་སྲིད་པར་རྒྱབ་སྐྱོར་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པའི་མིག་ནང་གི་གྲོས་མོལ།
ཆབ་སྲིད་དཔྱད་བརྗོད་པ་ཚོས་བརྗོད་ན། ཐེངས་འདིའི་གྲོས་མོལ་སྐབས་ཀྱི་ཨ་རིའི་མངོན་འདོད་གཙོ་བོ་ནི་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོས་ཏེ། བསྐྱར་ཟློག་མི་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་ཁས་ལེན་བྱས་ན་བསམ་གྱི་ཡོད་པ་རེད། ཡིན་ནའང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུ་ཡིན་སྐོར་ཙམ་བཤད་པ་ལས་ཁོ་ཚོའི་ཆ་རྐྱེན་ནང་ག་རེ་ཚུད་ཀྱི་ཡོད་མེད་ཁ་གསལ་ཆགས་མེད་པ་མ་ཟད། བྱང་ཀོ་རི་ཡས་ཨ་རིའི་རྡུལ་ཕྲན་མཚོན་ཆ་རྩ་བྲལ་གྱི་མངོན་འདོད་ཡང་གཙང་མ་ཞིག་མགོ་འཚོས་ཀྱི་མེད་པར་བཤད། ལྷོ་ཀོ་རི་ཡ་དང་ཨ་རིའི་ངོས་ནས་སྐད་ཆ་ཕྱོགས་མང་པོ་སྐོར་ནས་བཤད་ཡང་མཐར་ཐུག་གི་འབབ་ས་དེ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོས་ཏེ་བསྐྱར་ལྡོག་མི་ཐུབ་པ་ཞིག་ཏུ་བཟོ་རྒྱུ་ཡིན་པ་ཁས་ལེན་བྱ་དགོས་ཡོད་པ་དེ་རེད། འོན་ཀྱང་། ཆེད་མཁས་པ་རེ་ཟུང་ཞིག་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་རྒྱུ་ཡིན་ཟེར་བའི་ཆ་རྐྱེན་ནང་ཨ་རིས་ལྷོ་ཀོ་རི་ཡའི་མངའ་ཁུལ་གྱི་དམག་མི་ཕྱིར་འཐེན་བྱེད་དགོས་པ་བཀོད་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། ཡང་ཁག་ཅིག་གིས་ཀེམ་ཇོང་ཨན་དང་ཊོམ་ཕུའི་ཐུག་འཕྲད་རྗེས་མའི་ནང་གནས་ཚུལ་ག་རེ་བྱུང་ཡང་ད་རེས་ཁོ་གཉིས་ཀྱི་ལག་འཇུ་བྱས་པ་དེ་ནི་ལོ་རྒྱུས་ནང་ནམ་ཡང་གནས་ངེས་ཡིན་པ་མ་ཟད། ཊོམ་ཕུས་བྱང་ཀོ་རི་ཡ་ཨ་རི་དང་འདྲ་མཉམ་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པ་ནི་བྱང་ཀོ་རི་ཡའི་མི་མང་ལ་མཚོན་ན་དགའ་སྤོབས་སྐྱེས་འོས་པ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་ཀྱི་འདུག

ཨ་རི་རྒྱལ་ཡོངས་ཚན་རྩལ་རིག་པའི་ལྷན་ཚོགས་ཀྱི་ཚན་རིག་པ་རྒན་གྲས་ཨེ་ཌམ་མོན་ཊོ་(Adam Mount)ལགས་ཀྱིས། དེ་རིང་སྲིད་འཛིན་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱིས་མཚན་རྟགས་བཀོད་པའི་ཡིག་ཆའི་ནང་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚིག་དེར་ཞན་ཆ་ཞེ་དྲགས་འདུག དྲང་མོ་བཤད་ན་ངས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚིག་དེ་དེ་རིང་གི་གྲོས་ཆོད་དང་བསྡུར་ན་ཚད་གཞི་མཐོ་བོ་ཞིག་ལ་རེ་སྒུག་བྱས་ཡོད་ཀྱང་དེ་འདྲ་ཞིག་རེད་མི་འདུག ཅེས་བརྗོད་ཡོད་ཀྱང་། ཨ་བྱང་གི་གྲོས་མོལ་ལ་གྲུབ་འབྲས་མེད་པར་མཐོང་གི་མེད་པ་དང་། གལ་སྲིད་གྲོས་མོལ་མུ་མཐུད་རྒྱུན་སྐྱོང་བྱས་ཚེ་ཀོ་རི་ཡའི་མངའ་ཁུལ་གྱི་རྩོད་རྙོག་ཞི་འཇགས་ཡོང་རྒྱུ་གཏན་འཁེལ་ཡིན་སྐོར་བརྗོད་ཡོད་པ་རེད།

འཛམ་གླིང་གི་འཚམས་འདྲི་དགོངས་འཆར།
གང་ལྟར་ལོ་རྒྱུས་རང་བཞིན་ལྡན་པའི་གྲོལ་མོལ་དེ་ལ་འཛམ་གླིང་ཡོངས་ནས་དོ་སྣང་ཤུགས་ཆེན་བྱུང་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་རྣམས་ཀྱིས་དགོངས་ཚུལ་དང་སྦྲགས་འཚམས་འདྲི་ཞུས་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ལགས་ཀྱིས། མདང་དགོང་མཚན་གང་གཉིད་ཁུག་མ་བྱུང་། ངས་ཨ་བྱང་གཉིས་ནས་གྲོས་མོལ་འདི་བརྒྱུད་གཏམ་རྒྱུད་གསར་པ་ཞིག་ལེགས་འགྲུབ་ཡོང་བར་རེ་བ་ཡོད། ཅེས་བརྗོད་ཡོད་པ་དང་། ཊོམ་ཕུས་གསར་འགོད་གསལ་བསྒྲགས་སྤེལ་རྗེས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས། སྲིད་འཛིན་ཊོམ་ཕུའི་ཀོ་རི་ཡའི་མངའ་ཁུལ་གྱི་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར་བ་དེའི་ནང་དོན་གཙོ་བོ་ག་རེ་ཡིན་མིན་ང་ཚོས་ཤེས་དགོས་ཀྱི་འདུག་ལ། ང་ཚོའི་ཐོག་མའི་དམིགས་ཡུལ་ནི་ཨ་བྱང་གཉིས་བར་གྲོས་མོལ་རྒྱུན་སྐྱོང་བྱས་ཏེ་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་གསར་བཟོ་བྱ་རྒྱུ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོས་ཏེ་ཀོ་རི་ཡའི་མངའ་ཁུལ་ཞི་འཇགས་ཡོང་ཐབས་བཅས་ཡིན་པ་རེད། ཅེས་བརྗོད་ཡོད་འདུག

སེདྒ་པོར་གྱི་སྲིད་བློན་ལི་ལགས་ཀྱིས། ཊོམ་ཕུས་ཁེར་རྒྱུག་གི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དང་དེས་ཨ་རིའི་ཁ་ཕྱོགས་གཞན་ཞིག་ཏུ་འཁྲིད་ཀྱི་ཡོད་པ་མ་ཟད། ཨ་རིའི་ཕྱོགས་ཡོངས་ཀྱི་ཤུགས་རྐྱེན་ལ་དོ་ཕོག་གཏོང་གི་འདུག དཔེར་ན་ཨེ་རན་ལྟ་བུ་རེད། ཁྱེད་རང་སྟོབས་ཤུགས་ཆེན་པོ་རེད། འོན་ཀྱང་། ངས་བསམ་ན་ཁྱེད་རང་ཁེར་རྒྱུག་སྐབས་དང་བསྡུར་ན་མི་གཞན་དང་ལྷན་དུ་ཡོད་སྐབས་ཁྱེད་ཀྱི་བག་ཆགས་ལ་ཤུགས་རྐྱེན་ཆེ་བ་ཡོད། ཅེས་ཊོམ་གྱི་སྲིད་བྱུས་འཛིན་སྟངས་ལ་དགོངས་ཚུལ་བརྗོད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས། ང་ཚོའི་རེ་བར་གྲོས་མོལ་འདི་བརྒྱུད་ཨ་བྱང་གཉིས་བར་ཡིད་ཆེས་བརྟན་པོ་རྙེད་པའི་ཐོག་ནས་རྒྱལ་ཁབ་གཉིས་བར་གྱི་དཀའ་ངལ་ཚང་མ་སེལ་རྗེས། བྱང་ཀོ་རི་ཡའི་མངའ་ཁུལ་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཕྱོགས་སུ་གོམས་ཁ་བསྒྱུར་ན་ལེགས་པ་མ་ཟད། རྒྱ་ནག་གིས་ཀྱང་གནད་དོན་དེའི་ཐད་རྒྱབ་སྐྱོར་བྱེད་ངེས་ཡིན། ཞེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀིན་སང་(Geng Shuang)གིས། ད་ལྟའི་ཨ་བྱང་གི་འབྲེལ་ལམ་གཙོས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ཁས་ལེན་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ཁྲིམས་ཡག་པོ་འཁུར་གྱི་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་བྱང་ཀོ་རི་ཡའི་ཉེས་ཆད་ཁག་གནས་བབ་དང་བསྟུན་པའི་ཐོག་ནས་ཇེ་ཡང་དུ་གཏོང་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡན་ཝིན་གྱིས་ཨ་བྱང་གཉིས་ཀྱི་གྲོས་མོལ་དེས་མ་འོངས་པར་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་སྣེ་འཁྲིད་དང་མིག་དཔེ་སྟོན་ཐུབ་སྐོར་བརྗོད་པར། རྒྱ་ནག་ཐའེ་ཝན་ལྷན་ཁང་གི་འགྲིན་ཚབ་པ་མཱ་ཞའོ་ཀང་(Ma Xiaoguang) གིས། ཐའེ་རྒྱ་གཉིས་ཀྱི་གནས་སྟངས་ནི་ཨ་བྱང་གཉིས་ལྟ་བུ་ཞིག་ནམ་ཡང་མིན་པར་དེ་ནི་རྒྱ་ནག་ནང་ཁུལ་གྱི་རྩོད་རྙོག་ཙམ་རེད་ལ། ཐའེ་རྒྱ་གཉིས་རྒྱ་ནག་ཁྱིམ་ཚང་གཅིག་གི་ཡིན་པ་ལས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལྟ་བུར་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད་སྐོར་བརྗོད་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོང་ཨ་བྷེ་ལགས་ཀྱིས། ཊོམ་ཕུས་ཀེམ་ཇོང་ཨན་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་ཏེ་ཀོ་རི་ཡའི་འཐབ་འཁྲུག་དང་འབྲེལ་ཏེ་འཛིན་བཟུང་འོག་གནས་པའི་བཙོན་པ་རྣམས་ཀློད་གྲོལ་གཏོང་རྒྱུ་བྱས་པར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་བརྗོད་ཡོད་པ་མ་ཟད། བྱང་ཀོ་རི་ཡས་ཉི་ཧོང་གི་མི་སེར་ ༡༧ ཙམ་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པར་བརྟེན། ཤིན་ཛོ་ཨ་བྷེ་ལགས་ཀྱིས་ཁ་པར་བརྒྱུད་ཊོམ་ཕུ་ལ་ཉི་ཧོང་གི་བཙོན་པ་དེ་ཚོའི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལེ་ཝི་རོ་ཧྥི་(Sergry Lavrov)ལགས་ཀྱིས། ང་ཚོས་ཨ་བྱང་གཉིས་ཀྱི་མགོ་འཁྲིད་ཐུག་འཕྲད་བྱས་ཏེ་ཡིག་ཆ་གང་ཡང་མཐོང་མ་བྱུང་ཡང་། ཁོང་གཉིས་ཐུག་འཕྲད་བྱས་པ་ཁོ་ན་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཆགས་ཡོད། ཅེས་བརྗོད།

དབྱིན་ཡུལ་གཞུང་གིས། བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་མཐའ་མ་དེར་རྡུལ་ཕྲན་རྩ་མེད་བཟོ་བའི་ལམ་ཁར་ཞུགས་སོང་བས། ཁོས་མུ་མཐུད་ཨ་རི་དང་གྲོས་མོལ་བྱས་ཏེ་བྱང་ཀོ་རི་ཡའི་རྡུལ་ཕྲན་རྩ་མེད་ནས་བསྐྱར་ཟློག་མི་ཐུབ་པ་ཞིག་ཏུ་བཟོ་བར་རེ་བ་དང་ཡིད་ཆེས་ཡོད། ཅེས་བརྗོད།

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས། དཔེ་མཚོན་བྲལ་བའི་རྒྱལ་ཁབ་ཀྱི་འབྲེལ་ལམ་ནི་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱི་གྲོས་མོལ་ལྟ་བུ་ཆགས་ཡོད་ལ། ཨ་བྱང་གཉིས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་འདི་བརྒྱུད་ཀོ་རི་ཡའི་མངའ་ཁུལ་ཞི་གནས་ཤིག་ཏུ་བསྒྱུར་བར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཕྱོགས་གང་ཐད་ནས་མཐུན་སྦྱོར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཞེས་བརྗོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་བྱང་གཉིས་ཀྱི་གྲོས་མོལ་ལ་འཚམས་འདྲི་དང་སྦྲགས། གྲོས་མོལ་འདི་ནི་ཨ་བྱང་གཉིས་བར་ཡུན་གནས་ཞི་བདེ་དང་རྡུལ་ཕྲན་བསྐྱར་ཟློག་མེད་པ་བཟོས་ཏེ་ཀོ་རི་ཡའི་མངའ་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བའི་གཞི་མ་ཞིག་ཡིན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་བྱང་གི་གྲོས་མོལ་མཐའ་འཁྱོངས་ཡོང་བར་འཛམ་གླིང་གི་འབྲེལ་ཡོད་ཚོགས་སྡེ་ཁག་ཚང་མས་རྒྱབ་སྐྱོར་བྱེད་པར་འབོད་སྐུལ་བྱས་པ་ཡིན། ཞེས་བརྗོད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༡༣

Leave a Reply

3 thoughts on “དཔེ་མཚོན་བྲལ་བའི་རྒྱལ་འབྲེལ་ནི་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱི་གྲོས་མོལ་རེད་ཟེར།

  1. གངས་ཅན་ཕོ་ཉ།

    གཤམ་གྱི་སྐལ་བཟང་ཚེ་རིང་གིས་བོད་མི་རིགས་ཉམས་པ་ནས་རྩ་མེད་དུ་འགྲོ་བཞིན་པའི་མཐོང་སྣང་དེ། བོད་མི་རིགས་ཀྱི་དངོས་ཡོད་གནས་སྟངས་མདུན་དུ་བཤམས་པ་ཡིན་པས་བོད་མི་ཚང་མས་འདི་ལ་ངེས་པ་གཟིགས་ནས། བོད་མི་རིགས་དེ་མར་འགྱེལ་ས་ནས་ཡར་བསླངས་དགོས་པ་བོད་མི་རིགས་རང་ཉིད་ཀྱི་འགན་ཡིན། ང་ཡི་རེ་བ་ལ་དུས་བབས་གསར་ཁང་གིས་་ བོད་མི་ཞིག་གི་སྨྲེ་སྔགས་་ཞེས་འགོ་རྗོད་དུ་འཁོད་ནས་མདུན་ངོས་གྱི་བསམ་ཚུལ་ལེ་ཚན་ནང་དུ་འཇོག་གནང་ཡོང་བའི་རེ་སྐུལ་ཞུ།

  2. བོད་འབྲོག་ཕྲུག

    བོད་མི་རིགས་འདི་ཤི་མི་འདོད་ན། འོག་གི་རྩོམ་ཡིག་འདི་དྲ་ཚིགས་དང་སྐད་འཕྲིན། ངོ་དེབ་སོགས་ནས་གང་མང་བརྒྱུད་བསྐུལ་གནང་རོགས།

    ཁ་སྟོང་ནང་གི་གཏམ་སྟོང་། ལག་སྟོང་ནང་གི་ཕྱག་རྒྱ

    གྲོགས་དམ་པ་རྣམས་ལ། འདི་ན་རང་གི་ལོ་འདི་ཤས་རིང་གི་སྤྱི་ཚོགས་ལྟ་ཞིབ་དང་རྟོག་བཤེར། མཐོང་ཐོས་དངོས་ནས་བྱུང་བའི་དོན་དག་འགའ་ཁ་བརྡའི་ཚུལ་དུ་ཁྱེད་རྣམ་པ་ལ་འབུལ་བ་ཡིན།

    མདོར་ན་ཁ་རྩང་དེ་རིང་གཏམ་སྐད་ཆ་ཞིག་བཤད་དུས་ཉེན་ཁ་མང་པོ་འདུག བོད་ནང་ཁོག་ཡིན་ནའང་འདྲ། ཕྱི་ལ་ཡིན་ནའང་འདྲ། མི་འགས་གཏམ་སྐད་ཆ་རྣ་བས་མ་ཉན་མཆུ་ཏོག་གིས་ཉན་ནས། དཀར་ནག་ཤན་འབྱེད་མ་བྱེད་ནས་གཞན་ལ་ཞྭ་མོ་འདྲ་མིན་བསྐོན་མཁན་མང་པོ་རེད། དེས་ན་འོག་ལ་ཞུ་རྒྱུའི་གནས་ཚུལ་འདི་དག་ནང་ང་རང་གི་ཆབ་སྲིད་ལངས་ཕྱོགས་དང་མི་རིགས་བར་གྱི་འགལ་ཟླ་སོགས་ཅི་ཡང་མཚོན་མེད་པས། དེང་སང་བོད་ཀྱི་སྤྱི་ཚོགས་ཐོག་གི་གནས་ཚུལ་དངོས་འགའ་ཇི་བཞིན་བརྗོད་པ་བརྒྱུད་ནས། ང་ཚོ་བོད་པ་འདི་སྔོན་ཐོན་མི་རིགས་གཞན་དག་དང་བསྡུར་ན་རྗེས་ལུས་ཅི་འདྲ་སོང་ཡོད་པ་དང་ཧེ་བག་ག་འདྲ་ཡོད་པ། ཉེན་ཁ་གང་འདྲ་ལ་ཐུག་ཡོད་པ་བཅས་བཤད་ཁུལ་ཞིག་བྱ་ཡིན། མ་ཟད་བློ་ལྡན་ཚང་མས་དེའི་སྐོར་ལ་སྣང་འཇོག་དང་བསམ་གཞིགས་ཙམ་གནང་རོགས་བྱེད་ན་ཅི་མ་རུང་སྙམ།

    ན་ནིང་ཟླ་བ་དགུ་པར་ང་རང་ལྷ་སར་འགྲོ་དུས། ཉིན་ཞིག་ལ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དཔོན་པོ་ཞིག་གི་ཁ་ནས་སྐད་ཆ་འདི་འདྲ་ཞིག་ཐོས་པ་སྟེ། ལྷ་ས་གྲོང་ཁྱེར་རྐྱང་རྐྱང་ལ་དེང་སང་ཧུའེ་ཧུའེ་མི་གྲངས་ཁྲི་སུམ་ཅུ་ལས་བརྒལ་འདུག དེ་མ་ཟད་གྲངས་ཚད་འདི་ལོ་རེ་བཞིན་ཇེ་མང་སོང་བཞིན་འདུག་ཅེས་ཟེར་སོང་།

    མི་མང་པོའི་ཤེས་གསལ་ནང་ལྟར། ཚོང་ལས་ལ་ཧ་ཅང་མཁས་ཤིང་བྱང་བ། ས་བཟུང་བའི་ཐབས་དང་ཤེས་རབ་རབ་ཏུ་ལྡན་པའི་ཧུའེ་ཧུའེ་ལ་དཔེར་བྱས་ཏེ་གླེང་ན། ད་ལྟ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་རུ་དབྱི་སི་ལན་གྱི་དགོན་པ་ཆེ་ཆུང་གཉིས་དང་མུའུ་སི་ལིན་གྱི་བང་སོ་ར་བ་གསུམ་ཡོད་པ། ལྷ་ས་བར་སྐོར་དང་ཐལ་སྤུངས་སྒང་། ཁྲོམ་གཟིགས་ཁམས་སོགས་ག་ས་གང་དུ་ཧུའེ་ཧུའེ་ཡི་ཚོང་ཁང་གིས་བཀང་འདུག ལྷ་ས་གྲོང་ཁྱེར་དུ་གཡག་ཤ་དང་ལུག་ཤ་བཙོང་མཁན་བརྒྱ་ཆ་དགུ་བཅུ་ཡན་ནི་ཧུའེ་ཧུའེ་ཤ་སྟག་རེད། དབྱར་རྩྭ་དགུན་འབུའི་ཚོང་ནི་ལོ་མང་སྔོན་ནས་ཧུའེ་ཧུའེ་ཡིས་སྒེར་སྡེམ་བྱས་ཚར། ལྷ་ས་གྲོང་ཁྱེར་སྤྱིའི་གད་སྙིགས་སྡུད་རུབ་དང་སྐྱེལ་འདྲེན་གྱི་ལས་རིགས་དེ་ཧུའེ་ཧུའེ་ཡིས་བཟུང་འདུག ལྷ་ས་གྲོང་ཁྱེར་དུ་ལྕགས་སྒོ་དང་སྐར་ཁུང་བཅས་ལས་མཁན་བརྒྱ་ཆ་བརྒྱད་ཅུ་ཡན་ཆད་ཧུའེ་ཧུའེ་ཡིན་པ། སྲིད་གཞུང་ལས་ཁུངས་ནང་གི་ལས་སྒྲུབ་མི་སྣ་དང་། སྤྱི་ཚོགས་ཀུན་ཕན་ཅན་གྱི་ལས་གནས་མང་པོ་ཞིག་ལ་ཧུའེ་ཧུའེ་ལས་སྒྲུབ་པ་ཇེ་མང་ནས་ཇེ་མང་སོང་བཞིན་འདུག

    དངོས་གནས། ལྷ་ས་མ་རེད་སི་ཐན་རེད། ཞིང་ཁམས་མ་རེད་ཞྭ་དཀར་ཐང་།

    ཟི་ལིང་དང་མཚོ་སྔོན། ཀན་ལྷོ། རྔ་བ་ཁུལ་ཟུང་ཆུ་རྫོང་བཅས་བོད་ཀྱི་ཡུལ་གྲུ་མང་པོའི་རྗེས་སུ་འབྲངས་ཏེ་ལྷ་སའང་རིམ་བཞིན་དབྱི་སི་ལན་དུ་འགྱུར་བཞིན་འདུག ཅི་རེད་ཅེ་ན། བོད་དང་ཧུའེ་ཧུའེ་གཉིས་ཕན་ཚུན་བསྡུར་རེས་ཤིག་བྱེད་ན། ཧུའེ་ཧུའེ་ཞེས་པའི་མི་རིགས་འདི་དངོས་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཁས་མི་ལེན་རང་ལེན་རེད།

    གཅིག་ནི་དབྱི་སི་ལན་ནི་ཆོས་ལུགས་ཤིག་ཡིན་པ་མ་ཟད། སྤྱི་ཚོགས་རྩ་འཛུགས་ཚགས་དམ་པོ་ཞིག་དང་། ཆབ་སྲིད་བཀོད་པ་འཐུས་སྒོ་ཚང་པོ་ལྡན་པ་ཞིག་ཀྱང་ཡིན། དེར་བརྟེན་མུའུ་སི་ལིན་ཞིག་ཡིན་ན། ཆོས་ལུགས་དད་པ་རྐྱང་རྐྱང་མི་ཚད་དེ། མི་སྐྱ་སྤྱི་ཚོགས་ལའང་ངེས་པར་དུ་དོ་སྣང་ཧ་ཅང་ཆེན་མོ་བྱེད་མཁན་ཞིག་རེད།

    གཉིས་ནི་ཚོང་ལས་ཀྱི་འདུ་ཤེས་དང་དཔལ་འབྱོར་སྟོབས་ཤུགས་ཧུའེ་ཧུའེ་ལ་དོ་ཟླ་བྲལ།

    གསུམ་ནི་ཕྲུ་གུ་སྐྱེས་ཚད་དང་མི་གྲངས་འཕེལ་ཚད་དེ་ཧུའེ་ཧུའེ་དང་བསྡུར་ཐབས་བྲལ།

    དེའང་འཛམ་གླིང་སྤྱིའི་ལོ་རེ་བཞིན་གྱི་མི་གྲངས་འཕེལ་རྒྱས་མྱུར་ཚད་དེ་དབྱིན་སི་ལན་ཨང་དང་པོ་ཡིན་པའི་དོན་དངོས་དང་འབྲེལ་བ་ཡོད། ད་ལྟ་འཛམ་གླིང་ཡོངས་སུ་མུའུ་སི་ལིན་མི་འབོར་དུང་ཕྱུར་བཅུ་དྲུག་ལྷག་ཡོད། འཛམ་གླིང་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ཉེར་གསུམ་ལྷག་ཏུ་ཟིན། ད་ལྟ་ཀྲུང་གོའི་ཧུའེ་ཧུའེ་མི་གྲངས་བྱེ་བ་ལྷག་ལས་བརྒལ་ཚར།

    ལི་པེ་ཡ་ཡི་ཙུང་ཐུང་ཁཱ་ཀྲ་ཧྥེ་མ་ཤི་སྔོན་ལ་སྐད་ཆ་གྲགས་ཅན་ཞིག་ཡོད་པ་སྟེ། མུའུ་སི་ལིན་ཡིས་མེ་མདའ་མཚོན་ཆ་མི་དགོས་ཤིང་། རྒྱལ་ཁབ་དམག་འཁྲུག་སློང་མི་དགོས་པ། བུད་མེད་ལ་ཕྲུ་གུ་བགྲང་གིས་མི་ལོང་བ་སྐྱེས་བཅུག་སྟེ་མི་གྲངས་འཕེལ་རྒྱས་བཏང་བའི་ཐབས་ཤེས་གཅིག་པུ་ལ་བརྟེན་ནས་ཡོ་རུབ་ཧྲིལ་པོ། མཐའ་ན་འཛམ་གླིང་ཡོངས་དབང་སྒྱུར་བྱེད་ཐུབ་ཅེས་བཤད། སྐད་ཆ་དེ་ནི་ཁུངས་མེད་ལུང་མེད་དང་འུར་སྒྲོག་ཙམ་ཞིག་ཡེ་ནས་མ་རེད་སྙམ།

    བཞི་ནི་ཧུའེ་ཧུའེ་ཡིས་སྡུག་དཀའ་ལས་ཅི་ཡིན་ན་རྒྱག་ཐུབ་པ་དང་ལས་ལ་བརྩོན་པ། ཁ་དཔེ་ཞིག་ཡོད་པ་སྟེ། ཧུའེ་ཧུའེ་མྱི་གཅིག་རྐྱང་རྐྱང་ཡིན་དུས་ང་ཧུའེ་ཧུའེ་མིན་ཟེར། ཧུའེ་ཧུའེ་མྱི་གསུམ་ཡོད་དུས་ང་ཧུའེ་ཧུའེ་ཡིན་ཟེར་ཞེས་པ་ལྟར། ཁོང་ཚོས་རང་ཉིད་ཀྱི་ཕུགས་ཡུན་གྱི་དམིགས་འབེན་འགྲུབ་ཆེད་གནས་སྐབས་སུ་རང་ཉིད་ཉམ་ཆུང་དང་ཁེངས་སྐྱུངས་བྱེད་མཁས་པ། བོད་པ་ལྟ་བུ་ཀི་ཧི་ཧི་དང་ཞབས་དག་རྒྱག་མཁན་རྐྱང་རྐྱང་ཞིག་མ་རེད།

    ལྔ་ནི་མི་རིགས་འདི་མཐུན་སྒྲིལ་དང་སེམས་ཤུགས་གཅིག་སྒྲིམ་ཅན་ཞིག་ཡིན་པ།

    དྲུག་ནི་མུའུ་སི་ལིན་གྱི་སྐྱེ་ཕོ་མོ་མང་ཆེ་ཤོས་ཀྱིས་དུད་ཆང་གཏན་ནས་མི་འབྱར་བ། ཁ་ནང་གི་ཟ་མ་དང་འཕྲོད་བསྟེན་ལ་དོ་སྣང་ཆེན་མོ་བྱས་པའི་ལོ་རྒྱུས་ཡུན་རིང་གི་སྲོལ་རྒྱུན་ལྡན།

    དབྱི་སི་ལན་ཆོས་ལུགས་ནི་འཇིག་རྟེན་མི་ཆོས་སམ་མི་སྐྱ་སྤྱི་ཚོགས་དང་དེ་བས་ཐག་ཉེ་བ་དང་ཆ་འཕྲོད་ཐུབ་པ་ཞིག་རེད། དབྱི་སི་ལན་གྱི་ཆོས་དཔོན་ཨ་ཧུང་དང་དབྱི་མཱ་མུའུ་རྣམས་ཀྱིས་དུས་རྒྱུན་མུའུ་སི་ལིན་ཚོ་ལ་ཆོས་གསུང་དུས། མུའུ་སི་ལིན་ཞིག་ཡིན་ན་ཕྲུ་གུ་མང་པོ་སྐྱེས་ནས་མི་གྲངས་གོང་སྤེལ་གཏོང་དགོས་པ། མུའུ་སི་ལིན་ཞིག་ཡིན་ན་དཔལ་འབྱོར་དང་ཚོང་ར་བརྒྱུད་དེ་གཞན་གྱི་ས་བཟུང་དགོས་པ། མུའུ་སི་ལིན་ཞིག་ཡིན་ན་ཕུ་ནུ་མིང་སྲིང་བར་ལ་སེམས་ཤུགས་མཉམ་སྒྲིལ་དང་གཅིག་རོགས་གཅིག་བྱེད་བྱ་དགོས་བཅས་ལ་སོགས་པའི་བཀའ་སློབ་བྱེད་བཞིན་མཆིས་ཞེས་དབྱིན་ཇི་དང་འཇར་མན། ཧྥ་རན་སི་སོགས་ནས་རླུང་ལྟར་ཁྱབ་ཡོད་པ་ཀུན་གྱིས་མཁྱེན་པ་ནང་བཞིན་རེད།

    ༢༠༡༤ལོར་རྔ་བ་ཟུང་ཆུ་རྫོང་ལ་ཧུའེ་ཧུའེ་པར་ལེན་མཁས་པ་ཞིག་གི་ངག་ནས་ང་རང་གིས་གཏམ་རྒྱུད་ངོ་མ་ཞིག་ཐོས་པ་སྟེ། ལོ་ཉི་ཤུའི་སྔོན་ལ་རྔ་བ་ཁུལ་ཟུང་ཆུ་རྫོང་དུ་ཧུའེ་ཧུའེ་ཕོ་གསར་ཞིག་ཡོད། མིང་ལ་ཞའོ་མཱ་ཟེར། ཕོ་གསར་འདི་ཁྱིམ་ཚང་དབུལ་པོ་ཞིག་ལ་སྐྱེས་པས་ཆུང་དུས་སུ་སློབ་གྲྭར་གང་ཡང་འགྲོ་མ་མྱོང་། རེད་དེ་འཛིང་མོ་རྒྱག་དགོས་ན་དོ་མཁན་ཅི་ཡང་མེད། ཁོས་རྒྱུན་པར་ཟུང་ཆུ་རྫོང་གི་ཁྲོམ་སྲང་དུ་འཛིང་མོ་རྐྱང་རྐྱང་བརྒྱབ་སྟེ་རྒྱ་བོད་ཧུའེ་སོགས་ཀྱི་ཚོང་ཁང་བདག་པོ་དག་གི་ས་ནས་སྲུང་སྐྱོང་གླ་ཡོན་ལེན་བར་བྱས། ལོ་འགའ་འགོར་རྗེས་ཁོ་རང་ལ་སྒོར་མོ་མང་པོ་དང་ཨ་ཕྲུག་མང་པོ་ཡོད་པར་གྱུར། ཁོས་ཟུང་ཆུ་རུ་ལན་ཀྲའོ་འཐེན་ཐུག་དང་ཅ་དངོས་སྣ་མིན་བཙོང་སའི་ཚོང་ཁང་མང་པོ་བཙུགས་པས་ས་དེ་གའི་ཕྱུག་པོའི་གྲལ་དུ་ཕྱིན།

    སྐབས་དེར་ཟུང་ཆུ་དབྱི་སི་ལན་དགོན་ཆེན་གྱི་ཨ་ཧུང་གིས་ཞའོ་མཱ་རྩ་ལ་འབོད་དེ་བཀའ་བསླབ་གང་མང་བཏང་། ཞའོ་མཱ་ཡིས་ཨ་ཧུང་དེ་རྩ་བའི་བླ་མར་བཀུར། ཨ་ཧུང་གིས་མཛུབ་སྟོན་འོག་ལ། ཞའོ་མཱ་ཡིས་རང་གིས་སྒོར་མོ་ཕུད་དེ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནས་ཧུའེ་རིགས་ཁྱིམ་ཚང་སྡུག་པོ་དག་གི་ན་གཞོན་མང་པོ་ཟུང་ཆུར་ཁྲིད། ཁོས་སླར་ཡང་ཟུང་ཆུ་རུ་ས་མང་པོ་ཉོས་ནས་ཚོང་ཁང་གང་མང་བཙུགས། ཚོང་ཁང་ཡོད་ཚད་ལ་ཡོན་མི་དགོས་པའི་ངང་ནས་ན་གཞོན་དེ་དག་ལ་ཚོང་གཉེར་བྱེད་བཅུག་པ། ལོ་གསུམ་བཞིའི་རྗེས་སུ་ན་གཞོན་དེ་དག་ཚོང་བདག་ཏུ་གྱུར་རྗེས་སླར་ཡང་ཉིང་ཞ་དང་ཀན་སུའུ་ནས་ཧུའེ་རིགས་དབུལ་པོ་མང་པོ་ཟུང་ཆུ་ལ་ཁྲིད་ནས་ཚོང་རྒྱག་བཅུག་པ་དང་ཕྱུག་པོར་བཏང་། དེ་ལྟར་གཅིག་གིས་གཅིག་ཁྲིད་པ་དང་། གཅིག་གིས་གཅིག་ལ་རོགས་སྐྱོར་བྱས་པས་དེང་སང་ཟུང་ཆུ་རྫོང་ནི་ཧུའེ་རིགས་རྫོང་ལྟ་བུ་ཞིག་ཏུ་ཆགས་ཡོད། རྫོང་མཁར་མ་ཟད་ཤང་དང་གྲོང་སྡེ་ཁ་ཤས་ཧུའེ་ཧུའེ་རུ་གྱུར་ཚར་འདུག་ཅེས་ཟེར།

    བོད་དང་ཧུའེ་ཧུའེ་གཉིས་ཀྱི་སྐྱེས་པ་བར་བསྡུར་རེས་ཙམ་ཞིག་བྱེད་ན། བཟི་ནས་བོད་པ་ལྟ་བུ། དཀའ་ནས་ཧུའེ་ཧུའེ་ལྟ་བུ་ཞེས་པའི་ཁ་དཔེ་ནང་བཞིན། ཧུའེ་ཧུའེ་ཡི་སྐྱེས་པ་ཚོས་ཕལ་ཆེར་ཆང་མི་འཐུང་བ་དང་དུ་བ་མི་འཐེན་པ། དུག་མི་འཐུང་བ། ཨེ་ཙི་ནད་ཕོག་མཁན་ཧ་ཅང་ཧ་ཅང་དཀོན་པ། ཁོ་ཚོ་ལས་ལ་བརྩོན་ཞིང་སྡུག་རུས་ཆེ་བ་སོགས་ལུས་སྟོབས་དང་སེམས་ཤུགས་བཅས་གང་ཅིའི་ཐད་ནས་བོད་པའི་སྐྱེས་པ་ལས་བརྒྱ་འགྱུར་སྟོང་འགྱུར་དུ་ངར།

    ཧུའེ་ཧུའེ་དང་བོད་པའི་འབྲེལ་བ་ལ་དཔེ་ཞིག་བཞག་ན། ཧུའེ་ཧུའེ་ནི་VIPསྐུ་མགྲོན་དང་། བོད་པ་ནི་མཐོ་རིམ་ཞབས་ཞུ་པ་དེ་རེད། ཧུའེ་ཧུའེ་ཞེས་པ་འདི་དངོས་གནས་བསོད་ནམས་ཆེན་པོ་ཞིག་ཡིན་ངེས། རྒྱུ་མཚན་ནི། ཞབས་ཞུ་པ་བཟང་པོ་བོད་པ་ཞེས་པ་དེ་ཡོད་པས་འགྲོ་འདུག་ཟ་མལ་བཅས་ལ་ཅི་ཡང་ཐུགས་འཁྲེལ་བྱ་དགོས་ཀྱི་མི་འདུག ཅི་རེད་ཟེར་ན། ཚོང་རྒྱག་དུས་ཞབས་ཞུ་པ་བཟང་པོ་བོད་པས་དབྱར་རྩྭ་དགུན་འབུ་རི་ནས་འཐུ་སྟེ་དྲུང་དུ་བཤམས་འོང་པ། ཞབས་ཞུ་པ་བཟང་པོ་བོད་པས་གཡག་དང་ལུག འབྲི་སོགས་ལེགས་པོ་གསོས་ནས་དྲུང་དུ་ཁྲིད་འོང་པ། ཧུའེ་ཧུའེ་ཡིས་གཡག་དང་ལུག འབྲི་བཅས་གོང་ཧ་ཅང་དམའ་པོས་བོད་པའི་ལག་ནས་ཚུར་ཉོས་ཏེ་ཕར་རིན་གོང་མཐོན་པོས་རྩམ་མགོ་ཚོ་ལ་རྒྱག་ཆོག་པ། ཤ་ཟ་དགོས་དུས་ར་ལུག་གསོ་མཁན་བོད་པ་ཡོད་པ། འདོད་ཆགས་སྐྱེད་དུས་དང་ཕྲུ་གུ་བཙའ་མཁན་གྱི་ཡོ་བྱད་དགོས་དུས་གཞིས་རྩེ་དང་མངའ་རིས། ཆབ་མདོ་སོགས་ནས་ཐབས་དང་ཤེས་རབ་སྒོ་ནས་བོད་མོ་བསླུ་ཁྲིད་དམ་ཉོ་སྒྲུབ་བྱས་ནས་ལོངས་སྤྱོད་བྱ་ཆོག་པ། དགོན་པ་རྒྱག་དགོས་དུས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བཀའ་ཤག་ལྟ་བུའི་ཞབས་ཞུ་པ་བཟང་པོས་ས་བཟང་པོ་སྤྲོད་མཁན་ཡོད་པ། བང་སོ་ར་བ་དགོས་དུས་བོད་པས་ས་རིན་མེད་སྦྱིན་པ།

    ཀན་སུའུ་ཞིང་ཆེན་གྱི་ཡུང་ཏིན་རྫོང་དང་ཡུང་ཞིན་རྫོང་གཉིས་རྐྱང་རྐྱང་གི་ཧུའེ་ཧུའེ་གྲོང་པ་ཁག་གི་ནང་དུ། གཞིས་རྩེ་དང་མངའ་རིས། ལྷོ་ཁ། ཆབ་མདོ་སོགས་ནས་ཧུའེ་ཧུའེ་ཡིས་ལོག་འཚོང་དང་བཙན་ཁྲིད་བྱས་ནས་ཡོང་བའི་བོད་མོ་སུམ་བརྒྱ་ནས་བཞི་བརྒྱ་ཙམ་འདུག་ཅེས་ཟེར། བོད་མོ་འདི་དག་ནི་ཧུའེ་ཧུའེ་ཡི་ཕྲུ་གུ་སྐྱེ་སའི་ཡོ་བྱད་དང་། ཧུའེ་ཧུའེ་སྐྱེས་པའི་འཁྲིག་སྤྱོད་བྲན་གཡོག་ཤ་སྟག་རེད།

    དེར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ས་ཆ་ཆེན་མོ་དེ་ལ་བོད་མོ་འཁྲིག་སྤྱོད་བྲན་གཡོག་ག་ཚད་ཡོད་པ་ནི་སུས་ཀྱང་མི་ཤེས། རེད་དེ་མི་ཉུང་བ་ཞིག་ཡོད་པ་ནི་ལྟ་ཅི་སྨོས།

    ཧུའེ་ཧུའེ་ས་ཆ་རུ་ཁྲིད་སོང་བའི་བོད་མོ་སྐོར་གྱི་གནས་ཚུལ་འགའ་རེ་ནི་ན་ནིང་ངས་ལྷ་ས་རུ་རྒྱུ་ཆ་དང་ཡི་གེ་རུ་བཟོས་ནས། ཁྲིམས་ལུགས་ལས་རིགས་ཀྱི་གྲོགས་མཆོག་སེམས་བཟང་ཞིག་གི་རོགས་རམ་འོག་ལ་བོད་ལྗོངས་ཀྱི་འབྲེལ་ཡོད་གོང་རིམ་ལས་ཁུངས་ལ་ཡར་ཞུ་བརྒྱབ་ཡོད། བོད་ལྗོངས་གོང་རིམ་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་གནས་ཚུལ་འདི་ལ་མཐོང་སྣང་ཆེན་མོ་བྱས་ནས། གྱོད་གཞི་ཆེད་དོན་ལས་སྒྲུབ་ཚོ་ཆུང་ཞིག་ཀྱང་བཙུགས་ཐལ། རྩད་གཅོད་ཀྱི་མཇུག་འབྲས་ཅི་ཡོད་ནི་ད་ལྟ་བཤད་ཚོད་མི་ཐིག ཡི་ཡང་དོན་དག་འདི་ནི་སྤྱི་ཚོགས་ཡོངས་དང་མི་ཚང་མའི་འོས་འགན་ཡིན་པ་ནི་གདོན་མི་ཟ།

    དགོད་བྲོ་བ་ཞིག་ནི། དགེ་བཅུའི་ཁྲིམས་ཞེས་པ་དེའང་ཧུའེ་ཧུའེ་དང་རྒྱ་མི་ཚོང་པ་དག་གི་ཞབས་ཞུ་བ་སྤུས་དག་ཅན་ཞིག་ཏུ་གྱུར་ཐལ། བོད་ཞིང་འབྲོག་མི་སེར་རང་གིས་དཀའ་ལས་མང་པོ་བརྒྱབ་ནས་ནོར་ལུག་གསོས་རྗེས། དེ་ཧུའེ་ཧུའེ་དང་རྒྱ་མི་ཚོང་པ་ལ་གོང་ཧ་ཅང་དམའ་པོས་ཁ་དྲོ་ཚེ་རིང་ཞེས་ཟློས་བཞིན་ཕར་བཙོང་པ། དེའི་གཞུག་ལ་བོད་པ་ཚེ་ཐར་གཏོང་མཁན་ཚོས་རིན་གོང་ལྡབ་འགྱུར་སྤྲད་ནས་ཧུའེ་ཧུའེ་ཡི་ལག་ནས་ནོར་ལུག་ཚུར་ཉོས་ནས་ཚེ་ཐར་བཏང་བ། ཚེ་ཐར་བཏང་རྗེས་བོད་ཀྱི་ལས་ཀ་ལས་ལུགས་ནི་མགོ་ཡོད་ལ་རྔ་མ་མེད་པ། ཁ་འབོད་མཁས་ཀྱང་ཐབས་ལམ་སྟོན་མཁན་མེད་པ་ཤ་སྟག་ལོས་ཡིན། ཚེ་ཐར་བཏང་བའི་ནོར་ལུག་དག་རི་ལ་བདའ་རྗེས་དོ་དམ་བྱེད་མཁན་དང་ལྟ་སྲུང་བྱ་མཁན་ཡག་པོ་མེད་པས། རྒྱ་དང་ཧུའེ་ཧུའེ་ཚོས་མཚན་མོ་ནོར་ལུག་རྐུ་ཁྲིད་བྱས་པའི་གནས་ཚུལ་གང་མང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།

    དེང་སང་བོད་ཀྱི་ས་ཆ་འགའ་ལ། འབྲོག་པ་ཚོས་རྩྭ་ས་དང་ཕྱུགས་ཟོག་ཡོད་ཚད་ཧུའེ་ཧུའེ་ལ་ལོ་མང་པོ་ཕར་གླ་ནས་རང་ཉིད་ནི་སྒོར་མོ་དེ་ཁུར་ནས་ཆང་འཐུང་བ། རླངས་འཁོར་གོང་ཆེན་ཉོས་པ། ཤོ་རྒྱག་པ་སོགས་ཀྱི་གསེང་ནས་ཕག་ཤིག་ལྟར་ཉི་མ་ལྡེ་ནས་དུས་ཚོད་འདའ་ཐབས་བྱེད་ཀྱིན་འདུག

    དངོས་གནས་བོད་པའི་ངག་རྒྱུན་གྱི་ཐབས་དང་ཤེས་རབ་ཅེས་པའི་རལ་གྲི་དེ་ཧུའེ་ཧུའེ་ཡི་ལག་ཏུ་བཟུང་ཚར་འདུག

    ཨ་ཁུ་ཁྲོ་ཐུང་གི་རྒྱུད་པ་ཡིན་པས། བོད་མི་མང་པོ་ཞིག་ངའི་བཤད་པ་འདི་དག་ལ་ཡིད་ཆེས་ས་མ་རེད། སྤྲོ་ལངས་ས་རེད། ཁོང་ཚོའི་བསམ་པ་ལྟར་ན། ང་ཚོ་བོད་ལ་སངས་རྒྱས་ཆོས་ལུགས་ཡོད། དབྱི་སི་ལན་དུ་འགྱུར་ག་ལ་ཐུབ་ཅེས་ཟེར་ན་ཐང་།

    ཏག་ཏག་དེའི་ཐད་ང་རང་ལ་ལྟ་ཚུལ་མི་འདྲ་བ་ཞིག་ཞུ་རྒྱུ་ཡོད་པ་སྟེ། སངས་རྒྱས་ཆོས་ནི་མིའི་རིགས་ཀྱི་གཅེས་ནོར་ལོས་ཡིན། འོན་ཀྱང་ནང་ཆོས་ལ་མི་རིགས་ཞེས་པ་དང་རྒྱལ་ཁབ་ཅེས་པའི་འདུ་ཤེས་ལྟ་བ་ཡེ་ནས་མེད། འཚོ་བའི་ཐོན་སྐྱེད་ནུས་ཤུགས་དང་དངོས་པོ་དཔལ་ཡོན་གསར་གཏོད་ནུས་ཤུགས་ཡེ་ནས་མེད། བོད་ཁམས་སྤྱིའི་མངའ་ཁོངས་སྲུང་སྐྱོང་གི་འདུ་ཤེས་ཡེ་ནས་མེད། སངས་རྒྱས་ཆོས་ནི་ཨ་རི་ལྟ་བུ་སྲིད་འབྱོར་རིག་དམག་ཤིན་ཏུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཡོད་ན་མིའི་རིགས་ཀུན་གྱི་བསོད་ནམས་ལོས་ཡིན་ཞེས་ངས་ལན་བརྒྱ་ལན་སྟོང་བསམ་མྱོང་།

    རེད་དེ་ང་ཚོས་ཚེ་ཐར་གཏོང་མི་ཉན་ཞེས་པ་དང་སངས་རྒྱས་ཆོས་མི་དགོས་ཟེར་བ་ནི་གཏན་ནས་མིན། ཚང་མས་གོ་ལོག་མ་འགྲོ་རོགས་ཞུ་ཞུ། ངས་བཤད་བསམ་པ་ནི་ཚེ་ཐར་གཏོང་ན་ཐབས་དང་ཤེས་རབ་ཡག་མོ་དགོས་པ་དང་། ང་ཚོའི་སངས་རྒྱས་ཆོས་ཀྱི་དགོན་པ་དག་དང་བླ་སྤྲུལ། གྲྭ་བཙུན། མི་སེར་ཚང་མས་གོང་གི་དོན་དག་དེ་འདྲ་ལ་ཐུག་དུས་དང་། རིག་གནས་གཏན་ནས་མི་འདྲ་བ་དང་བྱ་སྤྱོད་གཏན་ནས་མི་འདྲ་བའི་མི་རིགས་དག་དང་ཐུག་དུས། དེ་ལ་དེ་འཚམ་གྱི་ཐབས་ཤེས་ཡག་མོ་ཞིག་བཙལ་དགོས་པ་དེ་ཁ་ཚ་དགོས་གཏུག་དང་གལ་ཆེན་ནང་གི་འགངས་ཆེན་རེད་ཅེས་སྙམ།

    ཁྱད་པར་དུ་དབང་ཆ་ཅི་ཡང་མེད་པའི་མི་རིགས་ཉམ་ཐག་པ་བོད་ལ་ཆ་བཞག་ན། ཁྱད་པར་དུ་དབྱི་སི་ལན་ཧུའེ་ཧུའེ་དང་རྒྱ་མི་རིགས་ལྟ་བུ་ཐབས་དང་ཤེས་རབ་ལ་མཁས་པ་འདི་དག་གི་ཁྱིམ་མཚེས་སུ་གནས་པའི་བོད་ལ་ཆ་བཞག་ན། ང་ཚོའི་སངས་རྒྱས་ཆོས་ཀྱིས་ཀྱང་མི་རིགས་དང་མི་སྐྱ་སྤྱི་ཚོགས་ཀྱི་ཁེ་ཕན་དང་འདུ་ཤེས་དེ་ངེས་པར་འཛིན་ཤེས་དགོས་པ། དོ་སྣང་ཆེན་མོ་བྱ་ཤེས་པ། བརྩོན་ལེན་ཤེས་པ། བརྟན་སྲུང་བྱ་དགོས། ཆོས་ལུགས་ཀྱིས་ཆོས་དང་མི་རིགས་ཁེ་ཕན། རང་ཉིད་འཚོ་བཞེས་བྱེད་སའི་ཁྱིམ་གཞིས་བར་གྱི་འབྲེལ་བ་དེ་མེ་དང་ཆུ་ལྟ་བུའི་འགལ་ཟླ་རུ་བཟུང་བའི་འདུ་ཤེས་ངན་པ་དེ་ད་ནས་དོར་དགོས། གནའ་སྔ་མོ་རྒྱ་གར་ལ་སངས་རྒྱས་ཆོས་ཧ་ཅང་དར་ཡང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཉམ་ཐག་སོང་བ་དང་མི་སེར་ལ་ངར་ཤུགས་མེད་པས། མཐར་དབྱི་སི་ལན་གྱིས་རླུང་འཚུབ་ཀྱིས་སྤྲིན་པ་འཁྱེར་བ་ལྟར་མགོ་རྟིང་སློག་པ། བདུད་རྒན་མཱ་པུའུ་ཧྥང་གི་འདྲེ་དམག་གིས་མཚོ་སྔོན་དང་ཀན་ལྷོ། མགོ་ལོག ཡུལ་ཤུལ་བཅས་ཀྱི་བོད་ཁམས་དག་བྱ་ཁྲ་ཡིས་བྱེའུ་འཕྱག་པ་བཞིན་མགོ་རྟིང་སློག་པ་ལྟ་བུའི་ལོ་རྒྱུས་ནི་བགྲང་གིས་མི་ལོང་།

    ལྷག་པར་དུ་དུས་རབས་ཉེར་གཅིག་ལ་ཐོན་ཡོད་པས། ཆོས་ལུགས་དང་ཆོས་ལུགས་མི་སྣས་མི་རིགས་སྤྱི་ཞེས་པའི་འདུ་ཤེས་དེ་ངེས་པར་དུ་དགོས། གཞི་རྩའི་རྐང་རྩ་ནི་མི་སེར་གྱི་བདེ་སྡུག་དང་ཁེ་ཕན་ངོ་མ་ལ་ཤེས་རྟོགས་གོ་གསུམ་དགོས་པ་དང་། འཇིག་རྟེན་མི་ཆོས་སམ་མི་སྐྱའི་སྤྱི་ཚོགས་ཕྱོགས་སོ་སོ་ནས་དར་རྒྱས་གཏོང་དགོས། དགོན་པ་སོ་སོ་དང་གྲུབ་མཐའ་སོ་སོའི་ཆོས་ལུགས་མི་སྣས་མི་སེར་རྣམས་ལ་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གཏོང་དགོས་པའི་བཀའ་སློབ་དང་སྐུལ་སློང་བྱ་དགོས། མི་སེར་ལ་ཕྲུ་གུ་མང་པོ་སྐྱེས་ཏེ་མི་གྲངས་དར་སྤེེལ་གཏོང་དགོས་སོགས་པའི་བསླབ་བྱ་ཁ་གསལ་པོ་དང་ནན་ཏན་གནང་དགོས། ཆོས་ལུགས་མི་སྣས་སྟོང་པ་ཉིད་རྐྱང་རྐྱང་སྒོམ་ནས་བར་སྣང་ཁམས་ལ་བླ་འཁྱམ་ནས་བསྡད་ན་མི་རིགས་ཉམས་རྒུད་དང་མེད་པ་སོང་ཤག་ཤག་རེད། མི་རིགས་དང་མི་ཞེས་པ་དེ་མེད་ན་ཆོས་ལུགས་ཀྱིས་ཅི་བྱ། ཕྲུ་གུ་མེད་ན་གྲྭ་བཙུན་ཞུགས་མཁན་ག་ན་ཡོད། ཞིང་བཏབ་མཁན་དང་ཟོག་གསོ་མཁན་མེད་ན་བླ་མ་དང་གྲྭ་བཙུན། མི་སེར་གྱིས་ཅི་ཟ་ཅི་སྤྱོད།

    ངས་རེ་བ་ཆེ་ཤོས་དགོན་པ་དང་བླ་མ། གྲྭ་བཙུན། མི་སེར་དག་ལ་བཅོལ་བའི་དམིགས་ཡུལ་ནི། ང་རང་ལྟ་བུ་སྲིད་གཞུང་ལས་ཁུངས་ནང་ཡོད་པའི་དེང་རབས་ཤེས་རིག་པའི་མིང་འཛིན་མཁན་བརྒྱ་ཆ་དགུ་བཅུ་ལ་ནི། རང་རང་སོ་སོ་ཡི་ཁྱི་ལྟོ་དང་ཁེ་ཕན། གོ་མིང་། མདུན་ལམ་རྐྱང་རྐྱང་ལ་འདིང་རྒྱག་མཁན་ཡིན། སེམས་ཅན་འདི་ཚོ་རྐང་བཞི་ཡན་ལག་རྒྱས་ཀྱང་ཀླད་མེད་མགོ་སྟོང་ཡིན་པ། ཁ་ནང་དབུགས་ཡོད་ཀྱང་བེམ་པོ་རེངས་པོ་ཤ་སྟག་ཡིན་པས། སེམས་ཅན་རིགས་འདི་ཚོ་ལ་རེ་བ་མེད་ཅིང་རེ་བ་བཅངས་ཐབས་ཟད་པས་རེ་བ་འདི་ཁྱེད་ཅག་ལ་མི་ཞུ་ཀ་མེད་ཐུག་བྱུང་།

    ཕ་བཟང་བུ་དང་མ་བཟང་བུ་མོ་ཚོ། དུས་རབས་ཉེར་གཅིག་ནི་བོད་ལ་ཆ་བཞག་ན་དཀྱོགས་མཚམས་ཆེན་མོ་ཞིག་དང་ལམ་མདོ་ཁ་ཞིག་ལ་ཐོན་འདུག ནང་ལ་གཅན་གཟན་སྟག་གཟིག་ལྟ་བུ་དང་། ཕྱི་ལ་ཝ་སྐྱེས་སྡར་མ་ལྟ་བུའི་སྲོལ་ངན་དེ་རྒྱང་དུ་འཕེན་རན། ད་ནི་སྦྲུལ་གྱིས་ང་རིང་དང་སྦལ་པས་ང་སྦོམ་མ་ཟེར། ས་ཁུལ་ཕྱོགས་རིས་དང་གྲུབ་མཐའི་ཆགས་སྡང་ནི་མི་རིགས་ཀྱི་སྲོག་རྩ་གཅོད་བྱེད་ཀྱི་སྟ་རེ་ཡིན་ཞེས་མཁས་དབང་མཁྱེན་རབ་འོད་གསལ་གྱིས་ལོ་བཅུ་ཕྲག་ཁ་ཤས་སྔོན་ནས་གསུངས་མྱོང་། དགེ་ལུགས་ནང་གི་སྲུང་མའི་གནད་དོན་དང་། བཀའ་བརྒྱུད་ཀྱི་ཞྭ་དཀར་ཞྭ་དམར་གྱི་རྩོད་པ། ཉེ་ལམ་བན་བོན་བར་གྱི་རྙོག་དྲ་བཅས་ཀྱི་རྒྱབ་ལ་ཉར་བའི་ལག་ནག་ཆེན་པོ་དེ་མཐོང་ཐུབ་པ་དང་ཤེས་ཐུབ་དགོས། དེ་དག་གི་ཉེན་ཁ་སྣ་ཚོགས་དང་རྙོག་ཟིང་དེ་བོད་པ་ཚོས་ད་ནས་བཟུང་མ་རྩོད་རོགས། མ་སྙོག་རོགས། དེ་ནི་དུག་ཁུ་རེད། ཁྱེད་ཚོ་ལ་རྒྱུན་ཤེས་དང་བློ་གྲོས་ཡོད་ན་མི་རིགས་སྤྱིའི་བདེ་སྐྱིད་འགྲོ་ལམ་དང་ཁེ་ཕན་དེ་ཨང་དང་པོར་བཞག ཆོས་ལུགས་ཨང་གཉིས་པར་བཞག མི་རྩར་རང་བཞག་གི་འདུ་ཤེས་དེ་ཨང་གསུམ་པར་འཇོག་དང་།

    ལྟོས་ཀྱིས། ལྷ་ས་སི་ཐན་དང་ཟི་ལིང་སི་ཐན། ཀན་སུའུ་སི་ཐན་ལ་ལྟོས་དང་། རྔ་བ་ཁུལ་ཟུང་ཆུ་རྫོང་དང་མཚོ་སྔོན་གྱི་ས་ཆ་ཕལ་ཆེར་དབྱི་སི་ལན་དུ་གྱུར་དང་འགྱུར་བཞིན་འདུག བོད་ལྗོངས་ཉིང་ཁྲི་ས་ཁུལ་དང་ཁམས་དར་མདོ། ལྕགས་ཟམ་ཁ་སོགས་རྒྱ་རུ་གྱུར་ཐལ། ཁམས་བརྒྱད་ཟིལ་རྫོང་དང་ལིའང་ཧྲན་མེན་ལིང་རྫོང་སོགས་དབྱིས་རིགས་སུ་གྱུར་ཐལ།

    ང་ཚོ་བོད་ལ་མི་སེར་གྱི་བདེ་སྡུག་དང་ཁེ་ཕན་ཐུགས་ལ་མཁྱེན་ཞིང་མདུན་ལམ་དྲང་མོ་སྟོན་མཁན་གྱི་དགོན་པ་དང་གྲྭ་བཙུན་མཁོ་གལ་ཤིན་ཏུ་ཆེ། ང་ཚོ་བོད་ལ་རྨོངས་དད་དང་ནང་དམེ་མེད་པའི་ཞིང་འབྲོག་མི་སེར་ས་ཡ་དྲུག་མ་ཚད་པའི་མི་གྲངས་བྱེ་བ་དྲུག་བདུན་ཙམ་མཁོ་གལ་ཤིན་ཏུ་ཆེ། ང་ཚོ་བོད་ལ་མགོ་བདེ་ཅན་དང་མགོ་གཉིས་ཅན་མིན་པ་དང་ཤེས་རིག་ལོག་སྤྱོད་མི་བྱེད་པའི་དེང་རབས་ཤེས་ཡོན་པ་ཇི་སྙེད་ཅིག་མཁོ་གལ་ཤིན་ཏུ་ཆེ།

    རས་པ་སྐལ་བཟང་ཚེ་རིང་།
    ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་།

  3. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    ཕོ་འགའ་རེའི་གཡུ་རེད་ཟེར་ལ་རེད་།
    ཕོ་འགའ་རེའི་རྡོ་རེད་ཟེར་ལེ་རེད་།
    དོན་ངོ་མ་ཕོ་རྒོད་ཊོམ་ཀིམ་གཉིས།
    འདས་རྗེས་སྲུབ་ནས་མ་འོངས་གླེང་།
    ཁྲོམས་འཛམ་གླིང་མི་མང་རྒྱངས་ནས་བལྟ་།
    ལས་ཡག་ཉེས་རི་མོ་རྗེས་ལ་མཐོང་།
    དེ་ཆབ་སྲིད་རིག་པས་དཔྱད་གཏམ་རེད་།