འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་རྩེད་འགྲན་མགོ་འཛུགས་གྲབས་འདུག་གོ།

འཛམ་གླིང་རྐང་སྤོལ་གསེར་གྱི་རྟགས་མའི་རྩེད་འགྲན་སྐབས་ ༢༡ པར་ཨུ་རུ་སུ་གཞུང་གིས་ཁྱོན་ཨ་སྒོར་ཐེར་འབུམ་ ༧༩༡ གཏོང་འཆར་ཡོད་པས་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་འགྲོ་གྲོན་ཆེ་ཤོས་ཆགས་རྒྱུ་ཡིན་འདུགདེ་རིང་ཕྱི་དྲོ་ཨུ་རུ་སུའི་ས་གནས་ཆུ་ཚོད་༤ དང་རྒྱ་གར་གྱི་ཆུ་ཚོད་ ༦།༣༠ སྟེང་རྒྱལ་སྤྱིའི་མནའ་འབྲེལ་རྐང་སྤོལ་ལྷན་ཚོགས་(FIFA)ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་སྐབས་ ༢༡ པ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ལའོ་ཛི་ནེ་ཁེ་(Luzhniki Stadium)རྩེད་ཐང་དུ་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། ད་ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་དེ་ཟླ་འདིའི་ཕྱི་ཚེས་ ༡༤ ནས་ཟླ་ ༧ ཚེས་༡༥ བར་དུས་ཡུན་ཟླ་གཅིག་ཙམ་རིང་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ ༣༢ ཀོུ་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཉམ་ཞུགས་བྱེད་ཀྱི་ཡོད་འདུག

ཨུ་རུ་སུ་གཞུང་གིས་ད་ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཆེད་གྲོང་ཁྱེར་མི་འདྲ་བ་ ༡༡ ནང་ལྗང་མདོག་གི་རྩེད་ཐང་ ༡༦ གྲ་སྒྲིག་བྱས་ཡོད་པ་དང་། དེ་དག་ལས་རྩེད་ཐང་ ༡༢ གསར་དུ་འཛུགས་སྐྲུན་བྱས་པ་ཡིན་འདུག དེ་བཞིན་གྲོང་ཁྱེར་ཁག་གི་མཛེས་ལྗོངས་དང་མི་མང་འདུ་གནས་ཀྱི་ཆ་རྐྱེན། མེ་འཁོར་ལམ་དང་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༡༥ ལྷག་བཏང་ཡོད་པ་དང་། ལྟད་མོ་བ་ཚོའི་ཆེད་དུ་རྒྱལ་ཁབ་མི་འདྲ་བ་ ༣༢ ཀྱི་སྐད་ནང་འགྲན་ཚོགས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་གནང་རྒྱུ་དང་། དེ་བཞིན་རྩེད་འགྲན་གྱི་བྱ་དགའི་དངུལ་འཕར་སྣོན་གྱིས་མཐའ་མའི་རྒྱལ་ཁ་ཐོབ་མཁན་ཨང་དང་པོར་ཨ་སྒོར་ས་ཡ་ ༣༨ དང་། ཨང་གཉིས་པར་ཨ་སྒོར་ས་ཡ་ ༢༨། ཨང་གསུམ་པར་ཨ་སྒོར་ས་ཡ་ ༢༤ བཅས་རྩེད་འགྲན་གྱི་བྱ་དགའ་ཁོ་ནར་ཨ་སྒོར་ས་ཡ་ ༤༠༠ སྤྲོད་གཏན་འཁེལ་འདུག ཐེངས་འདིའི་རྩེད་འགྲན་ཆེད་ཨུ་རུ་སུ་གཞུང་གིས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་ ༧༩༡ གཏོང་འཆར་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༣༠ ལོར་འཛམ་གླིང་རྐང་སྤོལ་རྩེད་འགྲན་མགོ་ཚུགས་པ་ནས་ད་ལྟའི་བར་གྱི་འགྲོ་སོང་ཆེ་ཤོས་ཆགས་ཡོད་འདུག

ད་ལན་གྱི་རྩེད་འགྲན་ ༦༤ ཧྲིལ་པོར་ཁྱོན་འཛིན་བྱང་ས་ཡ་༢.༥ བཙོང་གི་ཡོད་པ་དང་། ད་ལྟའི་བར་འཛིན་བྱང་ས་ཡ་༢.༤ བཙོང་ཚར་ཡོད་པ་དང་། འཛིན་བྱང་ཉོ་མཁན་མང་ཤོས་ནི་ཨུ་རུ་སུ་དང་ཨ་རི། བྷར་ཛིལ། འཇར་མན། རྒྱ་ནག མེག་སི་ཁོ། ཨེ་ཟི་རལ། ཨར་རྗན་ཊི་ནཱ། ཨོ་སི་ཊོ་ལི་ཡ། དབྱིན་ཇི། རྒྱ་གར་བཅས་ཡིན་འདུག་ལ། རྩེད་འགྲན་གྱི་མཐའ་མའི་ཉིན་གྱི་འཛིན་བྱང་ལ་ཡུ་སྒོར་༨༢༩ ཡིན་པས་ལོ་རྒྱུས་ནང་གོང་ཚད་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུགཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་འགྲན་ཚོགས་ལ་དགའ་བསུའི་འཚམས་འདྲི་ཞུ་སྐབས། འདི་ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ལ་འཛམ་གླིང་ཡོངས་ནས་ལྟད་མོ་བ་ས་ཡ་ ༡ ལྷག་འཛོམས་རྒྱུ་དང་། འགྲུལ་བ་ས་ཡ་༣།༥ ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཐེངས་དང་པོར་ཨུ་རུ་སུའི་ནང་ཚོགས་པའི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་ལྟད་མོ་བ་ཚོར་འདུག་གནས་དང་འགྲུལ་བཞུད་སོགས་ཀྱི་ཐད་ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། རྩེད་འགྲན་གྱི་དུས་ཡུན་དེའི་ནང་ཕྱོགས་ཡོངས་ནས་ལྟད་མོ་སྣ་ཚོགས་གོ་སྒྲིག་བྱས་ཡོད་སྟབས། ཁྱེད་ཚོས་ཨུ་རུ་སུའི་རིག་གཞུང་དང་མི་མང་གི་དགའ་སྤྲོའི་སྣེ་ལེན། དེ་བཞིན་ཨུ་རུ་སུའི་དེང་རབས་རང་བཞིན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་ཁག་གི་མཛེས་སྡུག་ལ་ཉམས་སུ་མྱོང་ཐུབ་པ་དང་། བརྗེད་ཐབས་བྲལ་ཞིང་དོན་སྙིང་ལྡན་པའི་སྤྲོ་ཚོགས་ཤིག་ཆགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཉེ་སྔོན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་རྩེད་འགྲན་འདི་ནི་ཨུ་རུ་སུའི་ནང་བསྡུས་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་དེ་ཡིན་པས། རྩེད་འགྲན་པ་དང་ལྟད་མོ་བའི་བདེ་འཇགས་ནི་ཨང་དང་པོ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་འཛམ་གླིང་རྐང་སྤོལ་མནའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གྷེ་ནཱེ་ཨན་ཧྥིན་ཊེ་ནོ(Gianni Infantino)ཡིས་ཀྱང་འཛམ་གླིང་ཡོངས་ཀྱི་རྐང་སྤོལ་ལྟད་མོ་བ་ཨུ་རུ་སུར་ཡོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད་མོད། བདེ་འཇགས་ནི་གཙོ་བོ་དེ་ཡིན་པས་དྲག་སྤྱོད་དང་དཀའ་ངལ་བཟོ་མཁན་རིགས་ལ་གཏན་ནས་གུ་ཡངས་མེད་སྐོར་བརྗོད་ཡོད་པ་མ་ཟད། ཨུ་རུ་སུའི་གྲོང་ཁྱེར་ཁག་གི་ཉེན་རྟོག་པ་ཚོར་དྲག་སྤྱོད་པ་འགོག་ཐབས་སོགས་ཀྱི་སྦྱོང་བརྡར་རིམ་པར་སྤྲད་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོའི་མཁའ་འགྲུལ་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ཏེ་དྲག་སྤྱོད་པ་སྔོན་འགོག་བྱེད་པར་ཤུགས་སྣོན་དགོས་པའི་འབོད་སྐུལ་བྱས་ཡོད་འདུག དེ་བཞིན་ཨུ་རུ་སུའི་གྲོང་ཁྱེར་ཁག་གི་ནང་ངོ་གདོང་ངོས་འཛིན་ཐུབ་པའི་གསང་མིག་གློག་ཆས་མང་པོ་བཞག་ཡོད་པ་མ་ཟད། རྩེད་ཐང་རེ་རེར་བརྙན་མིག་ ༡༢༠༠ ལྷག་རེ་བཀར་ནས་ཉིན་མཚན་གཉིས་སུ་ལྟ་ཞིབ་བྱེད་བཞིན་ཡོད་འདུག བདེ་འཇགས་ཕྱོགས་ནས་འཇིགས་སྣང་སྐྱེས་ས་གཙོ་བོ་ནི་ཁ་ཆེའི་དྲག་སྤྱོད་ཕྱོགས་ཁག་ཆགས་ཡོད་པ་དང་། ཉེ་སྔོན་ཁ་ཆེའི་དྲག་སྤྱོད་ཚོགས་པས་རྩེད་འགྲན་སྐབས་དྲག་སྤྱོད་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་ཞིག་ཀྱང་བཏང་ཡོད་འདུག

རྩེད་འགྲན་བསླེབ་ལ་ཉེ་བའི་ཉིན་ཁ་ཤས་སྔོན་ཨུ་རུ་སུའི་རྒྱལ་ནང་དུ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་སྲིད་གཞུང་གི་ཁ་གཏད་པ་ཚོར་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཨུ་རུ་སུའི་གསར་འགོད་པ་ཁག་ཅིག་གིས་སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དགོས་སྐོར་བརྗོད་དེ་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུ་མི་མང་གིས་རྐང་སྤོལ་རྩེད་འགྲན་ལ་ཡུ་རོབ་རྒྱལ་ཁབ་ཁག་གི་མི་མང་ལྟར་དགའ་ཚོར་དང་སྤྲོད་སྐྱིད་གཏོང་གི་མེད་པ་དང་། ཐ་ན་སློབ་ཆེན་སློབ་མ་མང་པོས་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཨུ་རུ་སུ་ནང་ཚོགས་པར་མི་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་སྐོར་བརྗོད་འདུག གཞན་ཡང་། ཨུ་རུ་སུ་གཞུང་ནས་རྩེད་འགྲན་སྐབས་ཨུ་རུ་སུའི་བུད་མེད་ཚོས་རྒྱལ་ཁབ་གཞན་གྱི་སྐྱེས་པར་ཕོ་མོའི་འབྲེལ་བ་འཛིན་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག ཕྱི་ལོ་༡༩༨༠ ལོར་ཨུ་རུ་སུར་ཚོགས་པའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་ཡུལ་དེའི་བུད་མེད་མང་པོས་རྒྱལ་ཁབ་གཞན་གྱི་སྐྱེས་པར་འགྲོགས་ཏེ། ཕྱིས་སུ་བདག་མེད་ཀྱི་བྱིས་པ་མང་པོ་སྐྱེས་ཡོད་པས་ཡིན་འདུག

འཛམ་གླིང་ནང་སྐད་གྲགས་ཆེ་བའི་རྩེད་འགྲན་སྐབས་མི་མང་གིས་ཡར་ལངས་བྱས་ཏེ་དྲག་གནོན་བྱུང་བའི་ལོ་རྒྱུས་མང་པོ་བྱུང་ཡོད་པ་ལྟར། གནད་དོན་དབྱེ་ཞིབ་པ་ཚོས་ད་ལན་ཨུ་རུ་སུའི་ནང་མི་མང་གི་ཡར་ལངས་བྱུང་བའི་ཉེན་ཁ་ཡོད་སྐོར་བརྗོད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་༡༩༧༨ ལོར་ཨར་རྗིན་ཊེ་ནཱ་རུ་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཚོགས་སྐབས་མི་མང་གི་ཡར་བླངས་ངོ་རྒོལ་བྱུང་ཡོད་པ་དང་། དེ་བཞིན་ཕྱི་ལོ་༡༩༦༨ དང་༡༩༨༨ ལོར་མེག་སི་ཁོ་དང་ལྷོ་ཀོ་རི་ཡའི་ནང་ཨོ་ལིམ་ཕིག་རྩེད་འགྲན་སྐབས་མི་མང་གིས་ཡར་ལངས་དྲག་སྤྱོད་སྤེལ་ཡོད། ཕྱི་ལོ་༢༠༠༢ ལོར་(Salt Lake City)རུ་ཚོགས་པའི་ཨོ་ལིམ་ཕིུག་རྩེད་འགྲན་སྐབས་ལྐོག་ཟ་རུལ་སུངས་ལ་མི་མང་གིས་ངོ་རྒོལ་བྱས། གཞན་ཡང་། ཕྱི་ལོ་༢༠༠༨་ལོར་རྒྱ་ནག་པེ་ཅིན་དུ་ཚོགས་པའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་བྱས་པའི་རྐྱེན་གྱིས་བོད་པ་ཚོས་འཛམ་གླིང་ས་ཕྱོགས་གང་ས་ནས་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༠ དང་༢༠༡༤ ལོར་ལྷོ་ཨ་ཧྥི་རི་ཁ་དང་བྷར་ཛིལ་གཉིས་ཀྱི་རྐང་སྤོལ་རྩེད་འགྲན་སྐབས་དཔལ་འབྱོར་གོད་ཆག་གི་རྐྱེན་གྱིས་མི་མང་གིས་གཞུང་ལ་ངོ་རྒོལ་བྱས་ཡོད་སྐོར་སོགས་བརྗོད་འདུག

འཛམ་གླིང་རྐང་སྤོལ་གསེར་གྱི་རྟགས་མའི་འགྲན་ཚོགས་ནི་ཐོག་མར་ཕྱི་ལོ་ ༡༩༣༠ ལོར་མགོ་བཙུགས་བྱས་ཤིང་། ལོ་ ༤ རེའི་མཚམས་སུ་འགྲན་སྡུར་ཐེངས་གཅིག་རེ་བྱེད་ཀྱིན་ཡོད་པ་དང་། ཕྱི་ལོ་༡༩༤༢ དང་༡༩༤༦ ལ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྐྱེན་གྱིས་རྩེད་འགྲན་ཚོགས་མེད་པ་རེད། ད་ལྟའི་ཆར་ཚོགས་ཞུགས་རྒྱལ་ཁབ་ ༢༡༡ ཡོད་པ་དང་། འགྲན་ཚོགས་ཐོག་རྒྱལ་ཁབ་ ༣༢ ཡི་རྐང་སྤོལ་རུ་ཁག་འདེམས་སྒྲུག་གནང་གི་ཡོད་པ་ལྟར། ད་ལྟའི་བར་དུ་བྷར་ཛིལ་རྐང་སྤོལ་རུ་ཁག་ལ་ཐེངས་ལྔ་དང་། འཇར་མན་དང་ཨེ་ཊ་ལིའི་རུ་ཁག་ལ་ཐེངས་བཞི་རེ། ཨར་རྗན་ཊེ་ན་དང་ཨོ་རོ་གྷེ་ལ་ཐེངས་གཉིས་རེ། དབྱིན་ཇི་དང་ཧྥ་རན་སི། སི་པན་བཅས་ལ་གཅིག་རེ་བཅས་རྒྱལ་ཁ་ཐོབ་ཡོད་འདུག

ཉེ་སྔོན་འོས་འདེམས་བྱས་པ་བརྒྱུད་ལོ་རྗེས་མའི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་དེ་ཨ་རབ་གྱི་ཁཱ་ཊར་(Qatar)རྒྱལ་ཁབ་ཏུ་འཚོགས་གཏན་འཁེལ་ཡོད་པ་དང་། དེ་ནི་ཨ་རབ་ཀྱི་ཁ་ཆེའི་རྒྱལ་ཁབ་ཅིག་གི་ནང་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཚོོགས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༤

Leave a Reply

2 thoughts on “འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་རྩེད་འགྲན་མགོ་འཛུགས་གྲབས་འདུག་གོ།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    རང་བཙན་རྒྱལ་ཁབ་སྒོ་གསུམ་རང་དབང་འོག་།
    རང་དབང་རྒྱུད་ནས་གྲངས་མང་རྩེད་རིགས་ལ་།
    རང་དབང་རྒྱུད་ནས་རྩེད་མགྲན་མཉམ་ཞུགས་ལ་།
    ཐོབ་ཤོར་ཐམས་བཅས་རྩེད་མགྲན་སྒྲུབ་འབྲས་ལ་།
    ཆོག་ཤེས་བློ་ཡིས་ངོས་འཛིན་ཐུབ་ན་བཟང་།

  2. ང་ནི་ 🇷🇺 Russia 2018 FIFA World Cup ལས་ ཉེ་ཆར་ ཨ་རིའི་ཐཡི་ཝན་དུ་ Opening US embassy 🇺🇸 དེ ལྟད་མོ་ཆེ་བ་བྱུང་སོང་། མ་འོང་པར་ ཨ་རི་བོད་ཀྱི་དོན་གཅོད་ཁང་ཡང་ གང་མགྱོགས་མགྱོགས་ Embassy of Tibet འགྱུར་བའི་རེ་ལྟོས་བྱེད་བཞིན་ཡོད། བཀྲ་ཤིས་བདེ་ལེགས།