སྙིང་སྟོབས་ཞུམ་པ་མེད་པའི་རྩོམ་སྒྲིག་པ་ཞིག་ལྐོག་གསོད་བྱས།

རྒྱ་གར་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱིས་གསར་འགོད་པར་དྲག་རྒོལ་བྱེད་པ་ནི་གསར་འགོད་རང་དབང་གི་གཞི་རྩའི་ཐོབ་ཐང་དང་ཡང་དག་པའི་དམངས་གཙོ་རྡོག་རོལ་གཏོང་གི་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧ ཡས་མས་ཤིག་ལ་ཀ་ཤི་མེར་གྱི་(Rising Kashmir)གསར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ། དེ་བཞིན་བྷི་བྷི་སི་གསར་ཁང་ལ་གསར་འགྱུར་དང་རྩོམ་ཡིག་མཁོ་སྤྲོད་བྱེད་མཁན་སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་(Shujaat Bukhari)ཞེས་པ་ཞིག་གིས་ལས་མཚམས་བཞག་སྟེ་ཕྱིར་རང་ཁྱིམ་དུ་ལོག་རྩིས་ཀྱིས། ལས་ཁུངས་ཀྱི་རྒྱལ་སྒོའི་ཕྱི་རོལ་ཏུ་བུད་མ་ཐག་ངོ་རྟགས་མི་ཆོད་པའི་མི་གསུམ་གྱིས་གང་བྱུང་མེ་མདས་བརྒྱབས་ཡོད་པ་དང་། སྐབས་དེར་ཁོའི་ལྟ་སྲུང་བ་གཉིས་ཀྱིས་ཕར་རྒོལ་བྱེད་ཐབས་བྱས་ཡོད་ཀྱང་ལག་འགུལ་ཁོམ་མ་བྱུང་བར་མེ་མདས་བརྒྱབས་ཏེ་ལྟ་སྲུང་བ་གཅིག་ཡུལ་དངོས་ནས་བསད་པ་དང་། སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་དང་ལྟ་སྲུང་བ་གཅིག་ས་གནས་སྨན་ཁང་དུ་བསྐྱལ་ཐུབ་པ་བྱུང་ཡང་སྨན་བཅོས་ཀྱང་བྱེད་ཁོམ་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་འདུག

ལྐོག་གསོད་དོན་རྐྱེན་ལ་ཞིབ་འཇུག་བྱས་པ་ལྟར་ན། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་སྟངས་འཛིན་འོག་ཡོད་པའི་ཀ་ཤི་མེར་གྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་ཡོད་ལ་རང་དབང་ལྡན་པའི་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་ཞིག་ཡོངས་བསྒྲགས་བྱས་ཏེ་ཡུན་རིང་མ་འགོར་པར་སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ཀྱིས་ཊོ་ཝེ་ཊར་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ནས་ཀ་ཤི་མེར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སོང་། ཞེས་བཀོད་ཡོད་པ་དང་། དེ་ནས་ཆུ་ཚོད་གཅིག་ལྷག་མཚམས་སུ་རྩོམ་སྒྲིག་པ་ཁོང་ལ་ལྐོག་གསོད་ཀྱི་དོན་རྐྱེན་བྱུང་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན།སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ནི་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་རྩོད་རྙོག་ཆེ་བའི་ཇ་མོ་ཀ་ཤི་མེར་ནང་གི་སྙིང་སྟོབས་ལྡན་པའི་གསར་འགོད་པ་ཞིག་ཡིན་པ་དང་། ད་རེེས་ཁོ་ལ་ལྐོག་གསོད་དོན་རྐྱེན་བྱུང་བར་རྒྱ་གར་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཚང་མའི་ནང་གླེང་སློང་ཤུགས་ཆེན་བྱུང་གི་ཡོད་པ་མ་ཟད། རྒྱ་གར་གྱི་རྩོམ་སྒྲིག་པའི་མཐུན་ཚོགས་(The Editors Guild of India)གཙོས་རྒྱ་གར་གསར་འགོད་མཐུན་ཚོགས་བཅས་ཀྱིས། ཇ་མོ་ཀ་ཤི་མེར་མངའ་སྡེའི་གཞུང་ནས་ས་གནས་གསར་འགོད་པའི་བདེ་འཇགས་སྲུང་སྐྱོབ་ཐད་ཤུགས་སྣོན་དགོས་པའི་འབོད་སྐུལ་ཞུས་འདུག

ཁོང་ཚོའི་འབོད་སྐུལ་ཞུ་ཡིག་དེའི་ནང་། གསར་འགོད་པ་ཞིག་ལ་དྲག་རྒོལ་བྱེད་པ་ནི་གསར་འགོད་རང་དབང་གི་གཞི་རྩའི་ཐོབ་ཐང་དང་ཡང་དག་པའི་དམངས་གཙོ་རྡོག་རོལ་གཏོང་གི་ཡོད་པ་རེད། དམིགས་བསལ་ཇ་མོ་ཀ་ཤི་མེར་མངའ་སྡེ་ལྟ་བུའི་ནང་། དབུས་གཞུང་ནས་གསར་འགོད་པས་སོ་སོའི་ལས་དོན་རྒྱུན་སྐྱོང་བྱེད་པར་འཇིགས་སྣང་སྐྱེས་མི་དགོས་པའི་ཁོར་ཡུག་ཅིག་བསྐྲུན་པར་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཀྱི་འདུག ཅེས་འཁོད་ཡོད་པ་རེད།

དམིགས་བསལ་ད་རེས་མང་ཚོགས་ནང་རྩོམ་སྒྲིག་པ་ཁོང་ལྐོག་གསོད་བྱས་པ་ནི་མི་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་པ་སོགས་ཀྱི་སྐྱོན་བརྗོད་དང་། དེ་བཞིན་གནད་ཡོད་མི་སྣ་མང་པོས་ཁོང་འདས་གྲོངས་སུ་ཕྱིན་པར་མྱ་ངན་དང་ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པའི་ཁྲོད།  རྒྱ་གར་གྱི་ནང་སྲིད་བློན་ཆེན་ར་ཇེ་ན་ཐི་སིནཧ་(Rajnath Singh)ལགས་ཀྱིས། ཀ་ཤི་མེར་གྱི་(Rising Kashmir)གསར་ཁང་གི་རྩོམ་སྒྲིག་པ་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ལྐོག་གསོད་བྱས་པ་ནི་མི་ཐ་ཤལ་དང་སྡར་མའི་ལས་ཀ་རེད་ལ། ཁོ་ཚོས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ལྐོག་གསོད་བྱས་ཏེ་ཀ་ཤི་མེར་ནང་གི་དྲང་བདེན་གྱི་འབོད་སྒྲ་གྲགས་མེད་དུ་གཏོང་འདོད་ཡོད་པ་རེད། ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ནི་བློ་སྟོབས་ལྡན་ཞིང་ཞུམ་པ་མེད་པའི་གསར་འགོད་པ་ཞིག་ཡིན། ད་རེས་ཁོང་ལྐོག་གསོད་ཐེབས་པ་དེ་བློ་ཡུལ་ལས་འདས་བ་མ་ཟད། སེམས་པ་སྐྱོ་བས་ཁེངས་བྱུང་བས། ངས་ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཅེས་བརྗོད་ཡོད་འདུག

རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་ར་ཧོལ་གྷན་དྷི་(Rahul Gandhi)ལགས་ཀྱིས། ཀ་ཤི་མེར་གྱི་དྲང་བདེན་གྱི་འབོད་སྒྲར་གྱུར་བའི་རྩོམ་སྒྲིག་པ་ཁོང་ལྐོག་གསོད་ཐེབས་པར་འགྱོད་སེམས་དབང་མེད་དུ་ཤོར་སོང་། ཇ་མོ་ཀ་ཤི་མེར་ཁུལ་དུ་དྲང་བདེན་དང་ཞི་གནས་ཡོང་བར་ཁོས་སྙིང་སྟོབས་ཞུམ་པ་མེད་པར་དྲང་བདེན་རྩད་ཡོད་པ་རེད། དེ་བས་ངས་ཁོང་གི་བཟའ་མི་བུ་ཕྲུག་ཚོར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་བརྗོད། དེ་བཞིན། ཇ་མོ་ཀ་ཤི་མེར་གྱི་སྤྱི་ཁྱབ་བློན་ཆེན་མེཧ་བྷོ་བྷ་མོ་ཧྥི་ཊི་(Mehbooba Mufti)ལགས་ཀྱིས། ཉིན་འགའི་ཡར་སྔོན་དུ་ཁོང་ང་ལ་ཐུག་ཏུ་སླེབས་བྱུང་། ད་ལྟ་ཁོང་འདས་གྲོངས་སུ་ཕྱིན་པ་ནི་བསམ་ཡུལ་ལས་འདས་པ་ཆགས་སོང་། ཞེས་བརྗོད་ཡོད་འདུག

རྒྱ་གར་ནང་ཡོད་པའི་བྷི་བྷི་སིའི་ཡན་ལག་ཁང་གི་ལས་བྱེད་ཚོས། སྐུ་ཞབས་ཁོང་འདས་གྲོངས་སུ་ཕྱིན་པ་གོ་ཐོས་བྱུང་དུས་བློ་ཕམ་ཆེན་པོ་བྱུང་། སྤྱིར་ཁོང་ནི་སྙིང་སྟོབས་ལྡན་པའི་གསར་འགོད་པ་ཞིག་དང་། དམིགས་བསལ་ཞི་འཇམ་བག་ལྷོད་ལྡན་པའིགྲོགས་པོ་ཡག་པོ་ཞིག་ཀྱང་ཡིན་པས། ཁོང་གི་དོན་རྐྱེན་དེར་བསམ་བློ་ཇི་ལྟར་བཏང་ཡང་སེམས་ཞི་བར་གནས་ཐབས་ཤིག་མི་འདུག ཅེས་བརྗོད་ཡོད་པ་རེད།

ཁོང་ལྐོག་གསོད་པ་ནི་མི་སྒེར་ཚོགས་སྡེ་སུ་ཞིག་ཡིན་པ་ཧ་གོ་ཡི་མེད་ཀྱང་། ས་གནས་ཉེན་རྟོག་པས། ལྐོག་གསོད་དོན་རྐྱེན་དེ་དམག་མིའི་ཕྱོགས་ཁག་གིས་བཟོས་པའི་དོགས་པ་ཡོད་སྐོར་བརྗོད་འདུག་ལ། སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་ཀ་ཤི་མེར་གྱི་གསར་འགོད་པར་སྲོག་གི་ཉེན་ཁ་ཇི་ཙམ་ཐེབས་ཀྱི་ཡོད་སྐོར་གྱི་རྩོམ་ཞིག་བྷི་བྷི་སི་དྲ་རྒྱའི་སྟེང་་བཀོད་ཡོད་པ་དེའི་ནང་། བྱེ་བྲག་ས་གནས་གསར་འགོད་པ་ཞིག་ལ་ནམ་རྒྱུན་དུ་འཇིགས་སྐུལ་དང་བརྙས་བཅོས། མཐོང་ཆུང་། དེ་བཞིན་དྲག་གནོན་འོག་འཛིན་བཟུང་བཀག་ཉར་བྱེད་པ་ནི་ཉིན་རྒྱུན་གྱི་མི་ཚེའི་ཆ་ཤས་ཤིག་ཆགས་ཡོད། ཅེས་བརྗོད་ཡོད་པ་རེད།

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཀ་ཤི་མེར་ནི་རྒྱ་གར་དང་པ་ཀི་སི་ཐན་བར་ལོ་ངོ་ལྔ་བཅུ་ལྷག་རིང་གི་རྩོད་རྙོག་ཆེ་བའི་ས་ཁུལ་ཞིག་ཆགས་ཡོད་པ་དང་། འཛམ་གླིང་གི་དམག་དཔུང་འབོར་ཆེ་ཤོས་ཀྱི་ས་ཁུལ་ཞིག་ལའང་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཁོང་གིས་རྩོད་རྙོག་ཞི་འགྲིག་ཡོང་ཐབས་སུ་རྒྱལ་ཁབ་གཉིས་བར་གྲོས་མོལ་ཚོགས་འདུ་ཐེངས་འགར་གོ་སྒྲིག་གནང་ཡོད་པ་དང་། ཁོང་ནི་ཡུལ་གཉིས་བར་གཞུང་འབྲེལ་མ་ཡིན་པའི་འབྲེལ་མོལ་ལས་གཞི་བཟོ་མཁན་གྱི་ཁོངས་སུ་ཡང་ཡོད་འདུག

ཕྱི་ལོ་ ༢༠༠༠ ལོར་སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་སུ་དྲག་སྤྱོད་པས་འཇབ་རྒོལ་བྱས་ཡོད་པ་དང་། སྐབས་དེ་ནས་བཟུང་མངའ་སྡེ་གཞུང་གིས་ཁོའི་བདེ་འཇགས་སྲུང་སྐྱོབ་ཆེད་ལྟ་སྲུང་བ་གཉིས་གཏན་འཇོག་བྱས་ཡོད་འདུག ཡིན་ན་ཡང་། དོན་རྐྱེན་བྱུང་སྐབས་ལྟ་སྲུང་བ་གཉིས་ཀྱིས་ལག་འགུལ་ཁོམ་མ་བྱུང་བར་ཁོ་རང་གཉིས་ཀྱང་ལྐོག་གསོད་ཐེབས་ཡོད་འདུག

སྐུ་ཞབས་ཤོ་ཇེ་ཊི་བྷོ་ཁ་རེ་ལགས་ནི་ཕྱི་ལོ་༡༩༦༨ ལོར་ཇ་མོ་ཀ་ཤི་མེར་གྱི་སི་རེ་ན་གྷར་གྲོང་ཚོ་རུ་སྐྱེས་ཤིང་། ཧྥི་ལི་པིན་(Ateneo de Manila University) གཙུག་ལག་སློབ་གཉེར་ཁང་དུ་གསར་འགོད་རིག་པའི་ཐོག་ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཁོང་ནི་འཛམ་གླིང་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་དང་། ཨེ་ཤ་ཡ་གཙོའི་ནུབ་ཕྱོགས་ཀྱི་གསར་ཁང་ཁག་གི་འབྲེལ་མཐུད་གསར་འགོད་པའི་ཕྱག་ལས་གནང་མྱོང་བ་དང་། ད་ལྟའི་ཆར་ཁོང་ཀ་ཤི་མེར་ཁུལ་གྱི་གསར་ཁང་ཁྱབ་ཆེ་ཤོས་(Rising Kashmir)ཀྱི་རྩོམ་སྒྲིག་པ་དང་། ཁོང་དང་བཟའ་ཟླ་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༡༦

Leave a Reply