ཆུ་སྒང་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་གནང་།

བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་གཙི་གནང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ སྟེང་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ། མདོ་ཁམས་ཆུ་སྒང་འཛིན་སྐྱོང་རྒྱུན་ལས་ཁང་གི་གོ་སྒྲིག་འོག མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་བོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་ཁག་ཅིག་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག་ལ། མཛད་སྒོའི་སྟེང་ཆུ་སྒང་དབུས་རྒྱུན་གྱིས་རྒྱ་དམག་ལ་དངོས་སུ་དམག་འཐབ་མྱོང་མཁན་ད་ལྟ་དགུང་ལོ་༨༨ ཟིན་པའི་གྲྭའུ་དཔོན་རིན་ཆེན་ཚེ་རིང་ལགས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་སོང་བ་དང་། ཁོང་གིས་རང་ཉིད་ཀྱི་ཉམས་མྱོང་གཞིར་བཞག་གིས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་དང་དམག་འཐབ་ཇི་ལྟར་བྱས་སྐོར་ཀྱི་གཏམ་བཤད་ཅིག་གནང་སོང་བ་དང་། དེ་བཞིན་སློབ་ཕྲུག་དང་རྒས་ཁོག་ཁག་ཅིག་ལ་སློབ་ཡོན་དང་འཚོ་སྣོན་སོགས་གནང་སོང་།

མཛད་སྒོའི་ཐོག་མར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་ཚེ་རྡོར་ལགས་ཀྱིས་དུས་དྲན་ཐེངས་ ༦༠ པའི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱང་གནང་དོན། བོད་རྒྱལ་ལོ་༢༡༤༥ ཕྱི་ལོ་༢༠༡༨ ཟླ་ ༦ ཚེས་༡༦ ཉིན་མོ་འདི་ནི། བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་ལྷོ་ཁུལ་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༦༠ འཁོར་བའི་བོད་ཀྱི་དཔའ་བོའི་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་ཡིན། དེ་རིང་འདིར་ཆེས་ཐོག་མར་དྲན་གསོ་དང་གུས་འདུད་ཞུ་ས་གཙོ་བོ་ནི། ཕྱི་ལོ་༡༩༤༩ ལོ་ནས་ད་བར་བོད་ཁ་བ་ཅན་གྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་སྤྱིའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་ཡོད་པའི་སྐུ་གཤེགས་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་གཙོས་དཔའ་རྒོད་དམ་པ་ཚོ་དང་། ད་ལྟ་ཞལ་བཞུགས་པའི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་ལྡན་པ་ཚོ་ཡིན་ལ། རྒྱལ་གཅེས་དཔའ་བོ་ཁོང་རྣམས་ལ་ཡིད་གདུང་དྲག་པོའི་སྒོ་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

ཡང་ཡོངས་ཁྱབ་གསལ་བསྒྲགས་ནང་། ཕྱི་ལོ་༡༩༥༨ ལོའི་ཟླ་ ༢ ཚེས་༡༨ ཉིན་གངས་ཅན་དཔའ་བོའི་ཁྱུ་མཆོག་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་གཙོས་མདོ་ཁམས་ཡུལ་གྱི་གནད་ཡོད་མི་སྣ་ ༤༠ ཙམ་བོད་ཀྱི་རྒྱལ་ས་ལྷ་སའི་ཨ་འབྲུག་ཚང་གི་མཆོད་ཁང་ནང་གསང་སྟབས་ཀྱིས་འཛོམས་ཏེ། བོད་རྒྱལ་ཁབ་ཆེན་མོའི་རང་དབང་རང་བཙན་གྱི་བདག་དབང་སྲུང་སྐྱོབ་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཇི་ལྟར་འཛུགས་དགོས་མིན་སྐོར་གྱི་ཞིབ་གྲོས་དང་། དགྲ་བོ་ལ་རྒོལ་ལན་སློག་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་ནས་བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་དང་པོ་ཕུལ་ཡོད་པ་རེད། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཁོངས་ཀྱི་དཔའ་རྒོད་ཚོས་བྱང་ཁུལ་དུ་དམག་ཐེངས་ ༡༨ དང་། ལྷོ་ཁུལ་དུ་དམག་ཆེ་བ་ཐེངས་ ༣༤ དང་ཆུང་བ་༧༥ ལྷག་བརྒྱབས་ནས་རི་སྒང་སྒང་ཐམས་ཅད་རོ་ཡིས་བཀང་ཞིང་། ལུང་གཤོང་གཤོང་ཐམས་ཅད་ཁྲག་གིས་ཁེངས་པའི་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ཡོད་པའི་དངོས་བྱུང་ལོ་རྒྱུས་འདི་ནི། བོད་གངས་ཅན་པའི་ཉེ་རབས་ལོ་རྒྱུས་ནང་གསེར་ཡིག་གིས་འབྲི་རིན་ཡོད་པ་ལས་འབྲས་དཔང་པོ་འཇོག་མཁན་གྱི་འགྲོ་བ་མིའི་སྤྱི་ཚོགས་ཤིག་ཡིན་ན་ངོས་འཛིན་བྱེད་དགོས་ངེས་ཡིན། ཞེས་འཁོད་འདུག

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་༧ གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཚུལ་གྱིས་ལས་དོན་ཞུ་བཞིན་པའི་སྐོར་ལ་ཡོངས་ཁྱབ་གསལ་བསྒྲགས་ནང། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཀུན་ཏུ་ལམ་སྟོན་གནང་དོན་ལྟར། བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་རྒྱལ་གཅེས་དཔའ་བོ་འདས་གསོན་ཡོངས་ཀྱི་ལོ་རྒྱུས་བསྡུ་སྒྲིག་དང་། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒན་རབས་པ་ཚོས་མཚོན་མི་རབས་རྒན་པ་ཚོར་བཀའ་དྲིན་རྗེས་དྲན་མཚོན་ཆེད་རྒྱུན་དུ་ནས་ཆུ་སྒང་རྒན་གསོ་ཁང་དུ་རྒན་རབས་ཚོར་ལྟ་སྐྱོང་གང་ལེགས་བྱེད་ཀྱི་ཡོད་པ་མ་ཟད། རྒན་རབས་ ༡༡༣ ལ་འཚོ་སྣོན་དང་རོགས་སྐྱོར་ལོ་ལྟར་འབུལ་བཞིན་ཡོད། དེ་བཞིན་དྷ་ས་ཆུ་སྒང་རིག་གནས་འཛིན་གྲྭར་སྐད་ཡིག་སློབ་སྦྱོང་སྤྲོད་བཞིན་པའི་མ་ཚད་མ་འོངས་བོད་ཀྱི་སོན་རྩར་གྱུར་བའི་བོད་ཀྱི་སློབ་ཕྲུག་ཚོར་སྐུལ་ལྕག་དང་། རྒྱབ་སྐྱོར་ཆེད་ལོ་ལྟར་ཕྱི་ལུགས་མཐོ་སློབ་འགྲིམ་མཁན་གྱི་གཞོན་སྐྱེས་ ༧༠ དང་། མཐོ་རིམ་རིག་གནས་རབ་འབྱམས་པའི་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་ ༢༠ དང་། བོད་ཡིག་གི་ལམ་ནས་མཐོ་སློབ་འགྲིམ་མཁན་སློབ་ཕྲུག་ ༡༠ བཅས་བསྡོམས་མཐོ་རིམ་སློབ་ཕྲུག་ ༡༠༠ ལ་སློབ་ཡོན་འབུལ་བཞིན་ཡོད། ཅེས་འཁོད་འདུག

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཐེངས་འདིའི་དུས་དྲན་སྟེང་སྤྱི་འཐུས་ལྷན་ཚོགས་ནས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། ད་རེས་ཀྱི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་པའི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་འགོ་གཙོ་གནང་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩི་གནང་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་དང་། ཆུ་སྒང་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་བློས་གཏོང་ཆེན་པོས་རྒྱ་དམག་ལ་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བྱས་ཏེ་ཁ་གཏད་གདོང་ལེན་གྱིས་བོད་བསྟན་སྲིད་སྲུང་སྐྱོབ་སླད་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་ཁ་གཏད་གདོང་ལེན་བྱས་པ་དམིགས་བསལ་ལེའུ་ཚན་ཞིག་ཆགས་པ་དང་བོད་ཀྱི་ལོ་རྒྱུས་ནང་གསུབ་ཏུ་མེད་པ་དེང་གིས་ཉམས་ཞིབ་པ་མང་པོས་ཉམས་ཞིབ་བྱ་ཡུལ་གྱི་གདེང་སྤོབས་སྐྱེད་ཡུལ་དང་། ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང་། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ཀྱི་ནང་ཀྱང་འཁོད་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ཡི་གེ་དེའི་ནང་དུ། ཆུ་སྒང་གི་སྒྲིག་འཛུགས་འདིས་ཀྱང་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག་ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་གཡེངས་སུ་མ་སོང་པར་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་བཞིན་པ་ནི་ལེགས་པའི་ལམ་དུ་འགྱུར་བ་དང་། དེ་བཞིན་ཚོགས་པ་དེབ་སྐྱེལ་གནང་ཡོད་པ་མ་ཟད། ཆུ་སྒང་དབུས་ས་ཡོངས་དང་། རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱི་དབང་སྒྱུར་ཐོག་ནས་བསྐྱོད་བཞིན་པ་དང་། བྱེ་བྲག་ཏུ་ཆུ་སྒང་སྒྲིག་འཛུགས་ཀྱིས་མི་རབས་རྒན་པ་དང་འཁོས་ཞན་རྣམས་ལ་ལེགས་གསོལ་དང་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང་། བོད་གསར་འཛུགས་སྐྲུན་གྱི་སོན་རྩ་ན་གཞོན་གྲངས་ ༡༠༠ ལ་སློབ་ཡོན་གྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་རང་ཉིད་ཀྱི་ཁྱབ་ཁོངས་ཚོར་ཕན་ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་གཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་སྔར་ལྷག་འབད་བརྩོན་གནང་འོས་སུ་གལ་ཆེར་མཐོང་། ཞེས་གསུངས་འདུག

གཞན་ཡང་། དུས་དྲན་གྱི་ཉིན་མོ་འདི་དང་བསྟུན། ཐེག་ཆེན་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ། དྷ་རམ་ས་ལར་རྟེན་གཞི་བྱས་པའི་མདོ་སྟོད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་མདོ་སྟོད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཐུབ་བསྟན་ལེགས་བཤད་ལགས་ཀྱིས་ཆུ་སྒང་བསྟན་སྲུང་དམག་སྒར་གྱི་བྱུང་རབས་ལོ་རྒྱུས་དང་འབྲེལ་ཏེ། དེ་རིང་ང་ཚོས་རྗེས་དྲན་ཞུ་རྒྱུ་གཙོ་བོ་སྤྱི་ཁྱབ་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུས་པའི་ཆུ་སྒང་དཔའ་བོ་འདས་གསོན་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུ་རྒྱུ་ཡིན། བོད་ཀྱི་བསྟན་སྲུང་དང་བླངས་དམག་སྒར་འདི་ཐོག་མར་དབུ་བརྙེས་པ་ནས་བཟུང་སྟེ་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་ཞུགས་གནང་མཁན་གྱི་ཆོལ་གསུམ་དཔའ་བོ་དཔའ་མོ་འདས་གསོན་རྣམ་པའི་ལོ་རྒྱུས་དེབ་ཐེར་མང་དག་ཅིག་གི་ནང་བཀོད་ཟིན་པ་དང་། སྤྱི་ཁྱབ་དམག་སྤྱི་ཨ་འབྲུག་སྦྱིན་བདག་མཆོག་གིས་བསྟན་སྲུང་དང་བླངས་དམག་སྒར་གསར་འཛུགས་ཇི་ལྟར་གནང་བའི་བརྒྱུད་རིམ་འདིས་དམ་པ་ཁོང་གི་དབུས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལེགས་པར་མཚོན་ནུས་པ་མ་ཟད། མ་འོངས་པའི་མི་རབས་གསར་པ་རྣམས་ཀྱི་མདུན་བསྐྱོད་ཀྱི་ཐབས་ལམ་མང་དག་ཅིག་ཀྱང་བསྟན་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས་མུ་མཐུད་སྤྱི་ཁྱབ་དམག་སྤྱི་ཨ་འབྲུག་སྦྱིན་བདག་མཆོག་གི་དབུས་པའི་འདས་པའི་དཔའ་བོ་རྣམས་ནས་ཧ་ཅང་གཉེན་འཕྲང་ཆེ་བའི་དུས་སྐབས་དེར་ཁ་འཐོར་དུ་གནས་པའི་དཔའ་བོ་རྣམས་གོང་བུ་གཅིག་ཏུ་སྒྲིལ་ཏེ། ཡུལ་དུས་དེར་ཇི་འདྲའི་དཀའ་ཉེན་ཆེ་ནའང་རྒྱ་དམར་བཙན་འཛུལ་པར་ལྷོ་རྒོལ་བྱང་འཐབ་ཀྱིས་དྲག་པོས་རྒོལ་རྡུང་ཤུགས་ཆེན་བྱས་ནས་བཙན་འཛུལ་བ་ཕམ་ཉེས་ཚབས་ཆེན་བཏང་སྟེ། མཐར་ལྷོ་ལམ་གཙང་སེལ་གྱིས་རང་ཅག་བོད་མི་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་སྤྱི་ནོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་བོད་གཞུང་དམངས་སེར་སྐྱ་མི་མང་ཆིག་འབུམ་ལྷག་རྒྱ་གར་འཕགས་ཡུལ་དུ་བདེ་ལེགས་ངང་ཞབས་སོར་བདེ་འཁོད་ཐུབ་པ་མ་ཟད། ཞི་དྲག་གསང་གསུམ་གྱི་ལས་འགུལ་རིམ་པའི་ནང་དུ་སྒྲིག་འཛུགས་འདིས་འཕྲལ་ཡུན་གཉིས་ཕན་གྱི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་ཡོད་པ་དང་། མ་འོངས་པའི་བོད་མི་རྣམས་ཆོལ་ཁ་དང་ལུང་ཞེན་གྱི་དབྱེ་བ་མི་འབྱེད་པར་ཤ་ཁྲག་གཅིག་པའི་སྤུན་ཟླ་ཡོད་དོ་ཅོག་གི་སྤོབས་པ་དང་སྙིང་སྟོབས་བཅས་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པའི་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ཞེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༦

Leave a Reply

One thought on “ཆུ་སྒང་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོངས་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་གི་
    སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་བཅས་
    མང་གཙོའི་ཀ་བ་གསུམ་ནས་ཐུགས་འགན་བཞེས་ནས་བཙན་བྱོལ་སྤྱི་ཚོགས་ནང་ཆུ་བཞི་
    སྒང་དྲུག་གཉིས་ཟེར་བ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཟེར་བ་དེ་དག་གཅིག་ཏུ་
    ཁ་ཕྱོགས་ཐུབ་པའི་འབོད་བསྐུལ་འདི་ཡང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་
    འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཞུས་པ་འདིའི་ཀྱང་བོད་མི་ནང་ཁུལ་གྱི་མཐུན་ལམ་
    ཟབ་ཏུ་འགྲོ་བའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད་ཐུགས་རྗེ་ཆེ་བཀྲིན་ཆེ་།