མའོ་ཙེ་ཏུང་གིས་བོད་རྒྱ་གཉིས་ཀྱི་རྒྱལ་དར་ངེས་པར་མཉམ་དུ་བསྒྲེངས་དགོས་ཟེར།

༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་ནས་རྒྱ་ནག་རྒྱལ་པོ་ཆབ་སྲིད་ཀྱི་མངའ་དབང་ཐོག་དཔལ་ཡོན་ཆེ་ཞིང་། སོག་པོའི་རྒྱལ་པོ་དམག་ཐབས་ཐོག་དཔལ་ཡོན་རྒྱས་པ། བོད་ཀྱི་རྒྱལ་པོ་ཆོས་ཕྱོགས་ཐོག་དཔལ་ཡོན་ཧ་ཅང་རྒྱས་པར་གྲགས་ཀྱང་དུས་ཡུན་འཁྱུག་ཙམ་རིང་སོག་པོས་བོད་རྒྱ་གཉིས་ཀར་དབང་སྒྱུར་བྱས་ཡོད་སྐོར་གསུངས།ལ་ཊི་ཝེ་ཡའི་བོད་སྐྱོབ་ཐེབས་རྩ་ཁང་(Save Tibet Latvia)དང་། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་(Save Tibet Foundation Moscow)། དེ་བཞིན་རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་བཅས་ཀྱི་གོ་སྒྲིག་འོག  བདུན་ཕྲག་གཅིག་ཙམ་གྱི་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུ་རོབ་ནང་མཛད་འཕྲིད་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༢ ནས་ ༡༤ བར་ཡུ་རོབ་རྒྱལ་ཁབ་ལི་ཐའོ་ནེ་ཡའི་(Lithuania) རྒྱལ་ས་ཝིལ་ནེ་སི་(Vilnius)ནང་མཛད་འཕྲིན་བཀའ་དྲིན་རྒྱ་ཆེ་བསྐྱངས་ཡོད་པ་དང་། དེ་ཡང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་འགོད་པ་མི་གྲངས་ ༦༠ འཛོམས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཆིབས་སྒྱུར་བསྐྱངས་ནས་གསར་འགོད་པ་ཚོར་འཚམས་འདྲི་དང་སྦྲགས། འགྲོ་བ་མི་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཡིན་པ་གཅིག་མཚུངས་དང་། མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པ་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ར་འཕྲོད་ཡོད་པར་བརྟེན། ཇི་ཙམ་བྱམས་བརྩེའི་བསམ་བློ་ཡོད་པ་དེ་ཙམ་གྱིས་མིའི་ལུས་སེམས་བདེ་ཞིང་སྐྱིད་པ་ཡོད་སྐོར་དང་། དེ་བཞིན་ མིའི་ལུས་པོའི་འཕྲོད་བསྟེན་བདེ་ཐང་གལ་ཆེ་བརྩི་ཡི་ཡོད་པ་ནང་བཞིན་བསམ་བློའི་བདེ་ཐང་ལ་དམིགས་ནས་སེམས་ཁམས་འཕྲོད་བསྟེན་ལའང་དོ་སྣང་ངེས་པར་བྱེད་དགོས་པ་དང་། བསམ་བློ་བདེ་ཐང་གི་སློབ་གསོའི་སྐོར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཇོག་ཐུབ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས།

གསར་འགོད་པས་ཕོ་མོའི་ལས་འགན་ཐོག་གཟིགས་ཚུལ་ཇི་འདྲ་ཡོད་མེད་དྲིས་པར་བཀའ་ལན་སྩལ་དོན། “གདོད་མའི་སྤྱི་ཚོགས་ཀྱི་གནས་སྐབས་སུ་ལུས་སྟོབས་ཆེ་ཆུང་གཙོ་བོར་འཛིན་ནས་མགོ་འཁྲིད་སུས་བྱས་མིན་ཐག་གཅོད་ཀྱི་ཡོད་སྟབས་སྐྱེས་པ་ཚོས་མགོ་འཁྲིད་བྱ་རྒྱུའི་འགྲོ་སྟངས་ཤིག་ཆགས་པ་རེད།   འོན་ཀྱང་ད་ཆ་ཤེས་ཡོན་ཐོག་ནས་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ཤིག་ཆགས་ཟིན་སྟབས་འཛམ་གླིང་ཁྱོན་དུ་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེར་གལ་ཆེར་རྩི་བཞིན་ཡོད། ཕོ་མོ་དབྱེ་འབྱེད་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཚན་རིག་པས་བརྟག་དཔྱད་བྱེད་སྐབས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བསམ་བློ་དེ་སྐྱེས་པ་ལས་བུད་མེད་ཚོར་ཤུགས་ཆེ་བ་ཡོད་པ་བརྗོད་བཞིན་འདུག དེར་བརྟེན་བྱམས་བརྩེ་དང་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུའི་འགན་དེའང་བུད་མེད་ཚོར་ཆེ་བ་ཡོད།” ཅེས་སོགས་བཀའ་ལན་སྩལ།

དེ་ནས་ཝིལ་ནེ་སི་(Vilnius)གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་དགེ་སློབ་དང་མི་མང་༢༠༠༠ བརྒལ་བར་ “དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་བཟང་སྤྱོད་རིན་ཐང་གི་སློབ་གསོ་དགོས་གལ།” ཞེས་པའི་ཐོག་བཀའ་སློབ་སྩལ་དོན། “འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད་པ་གཅིག་མཚུངས་ཡིན་ཡང་ང་ཚོ་རང་འདོད་ཆེ་དྲགས་པར་བརྟེན། རང་ཉིད་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུར་དམིགས་ནས་གཞན་རྣམས་ལ་འཛེམས་ཟོན་སྤངས་ནས་མགོ་སྐོར་བསླུ་བྲིད་དང་བཤུ་གཞོག་སོགས་གཏོང་བཞིན་ཡོད་པར་བརྟེན་རྙོག་དྲ་བཟོ་མཁན་ང་ཚོ་རང་ཉིད་ཆགས་ཡོད།

དུས་རབས་ ༢༠ པའི་ནང་དཀའ་ངལ་དང་རྙོག་དྲ་རྣམས་འཚེ་བ་དང་དྲག་པོའི་སྟོབས་ཤུགས་ཐོག་ནས་སེལ་ཐབས་བྱས་རྐྱེན་དུས་རབས་དེ་འཚེ་བའི་དུས་རབས་ཤིག་ཆགས་པ་རེད། དེང་སྐབས་འཛམ་གླིང་གི་གནས་སྟངས་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་འཚོ་སྡོད་བྱེད་དགོས་པའི་དངོས་ཡོད་གནས་སྟངས་ཤིག་ཆགས་ཟིན་སྟབས། དཀའ་ངལ་འཕྲད་སྐབས་ལམ་སང་དྲག་པོའི་སྟོབས་ཤུགས་དང་འཚེ་བའི་ཐོག་ནས་དཀའ་ངལ་དང་རྙོག་དྲ་སེལ་ཐབས་བྱས་ཚེ་དངོས་ཡོད་གནས་སྟངས་དང་རྩ་བ་ནས་མ་འཚམ་པ་ཞིག་རེད། དེར་བརྟེན་འཚེ་བ་དང་དྲག་པོའི་ཐབས་ལམ་ཟེར་བ་ད་ཆ་དུས་ཚོད་ཡོལ་ཟིན་ཏེ། འགྲོ་བ་མིའི་རིགས་ཡོངས་རྫོགས་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་འདུ་ཤེས་ཤུགས་ཆེ་རུ་གཏོང་དགོས། གལ་ཏེ་ང་ཚོས་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་ཤིག་བཟོ་དགོས་ན་གོ་མཚོན་ཉོ་ཚོང་ཇེ་ཉུང་དུ་གཏོང་ཐབས་དགོས་པ་མ་ཟད། རིམ་བཞིན་རྡུལ་ཕྲན་མཚོན་ཆ་དེ་དག་འཛམ་གླིང་ནང་རྩ་མེད་གཏོང་དགོས། འཕྲལ་སེལ་མེ་མདའི་སྟོབས་ཤུགས་ཆེ་བ་ལྟ་བུར་མངོན་ཡང་ཕུགས་ལ་བདེན་པའི་སྟོབས་ཤུགས་རྣམ་པར་རྒྱལ་ངེས་ཡིན་པ་ནི་རྒྱལ་ཁབ་ཆུང་ཆུང་འདིས་དཔེ་མཚོན་བྱེད་ཐུབ། ཅེས་བཀའ་སློབ་སྩལ་རྗེས། འཛམ་གླིང་གིས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ཆེད་ལོ་ངོ་ ༣༠༠༠ ལྷག་རིང་ཆོས་ལུགས་འདྲ་མིན་ཕན་ཚུན་འཆམ་མཐུན་ངང་འཚོ་གནས་བྱས་དང་བྱེད་མུས་ཡིན་པའི་རྒྱ་གར་མིག་དཔེར་བཟུང་ནས་འབད་བརྩོན་གནང་དགོས་སྐོར་དང་། མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་ད་ཆ་རྩིས་སྤྲོད་ཟིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པར་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་མཛད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གི་འགོ་ཁྲིད་མཁྲེགས་བཟུང་ཅན་དང་བསམ་བློ་གུ་དོག་པོ་ཡོད་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་དམ་དྲག་བྱེད་བཞིན་པའི་བྱེད་སྟངས་དེ་དག་ཅོལ་ཆུང་གི་བྱེད་སྟངས་ཤིག་ཡིན་སྐོར། དེ་བཞིན་བོད་ཀྱི་དཀའ་ངལ་ལ་མཚོན་ན་རྒྱ་ནག་གཞུང་གིས་ཇི་ཙམ་བོད་མིའི་ཐོག་དྲག་གནོན་བྱས་པ་དེ་ཚོད་ཀྱིས་བོད་མི་ཚོས་ངོ་རྒོལ་བྱ་རྒྱུ་ཡིན་པ་ཆོས་ཉིད་ཅིག་ཡིན་པ་དང་།  བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་སྐོར་སོགས་ཀྱི་བཀའ་སློབ་སྩལ་གནང་མཛད་ཡོད་འདུགཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Lithuanian Parliamentary Group for Tibet)ཚོགས་མི་ རྣམ་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། “བོད་ནང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། དེར་བརྟེན་ང་ཚོ་ཕྱོགས་གཅིག་ནས་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་གི་སྒང་ལ་ཡོད། ངོས་ལ་གཙོ་བོ་བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་བདག་པོ་རྒྱག་རྒྱུའི་ཐད་སེམས་འཚབ་སྐྱེ་བཞིན་འདུག བོད་ཀྱི་རིག་གཞུང་བརྗོད་སྐབས་གཙོ་བོ་རྒྱ་གར་འཕགས་ཡུལ་གནའ་རབས་སེམས་ཁམས་རིག་པའི་ལྟ་གྲུབ་དང་འབྲེལ་བའི་ལེགས་བཤད་དེ་དག་ཆགས་ཡོད། ལྟ་གྲུབ་དེའི་ཐོག་ནས་ང་ཚོས་སེམས་རྒྱུད་འདུལ་ཐུབ་པ་དང་། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ནས་སེམས་ནང་ཞི་བདེ་བསྐྲུན་ཐུབ་རྒྱུ་རེད། འདི་ནི་དེང་སང་འཛམ་གླིང་གནས་སྟངས་དང་འབྲེལ་བ་ཧ་ཅང་ཆེན་པོ་འདུག ཅེས་གསུངས།

བོད་དོན་རྒྱབ་སྐྱོར་བར་ཐུགས་རྗེ་ཆེ་ཞུའི་བཀའ་དྲིན་སྩལ་དོན། ཁྱེད་ཚོས་བོད་དོན་ཐོག་སེམས་ཁུར་བླངས་ནས་རྒྱབ་སྐྱོར་གནང་བར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། གཞིས་བཞུགས་བོད་མི་ཚོར་མཚོན་ན་སྙིང་སྟོབས་ཧ་ལས་པ་རེད་འདུག དེར་བརྟེན་ཁྱེད་ཚོས་རྒྱབ་སྐྱོར་གནང་བ་དེ་དག་མཐོང་སྐབས་བློ་སྟོབས་འཕེལ་ངེས་ཡིན་པ་མ་ཟད། རྒྱ་ནག་གི་མགོ་འཁྲིད་མཁྲེགས་འཛིན་པ་ཚོར་ཡང་བོད་ཀྱི་གནད་དོན་དེ་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པའི་བརྡ་ལན་གསལ་པོ་ཞིག་ཀྱང་བཏང་བ་རེད། དེར་བརྟེན་ངོས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། “ཅེས་བཀའ་སློབ་སྩལ།

ཡང་སྐབས་དེར་བོད་དང་འབྲེལ་བའི་ས་ཁྲ་མི་འདྲ་བ་འགའ་ཤས་ཐོན་པའི་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། “ཆབ་སྲིད་ཀྱི་ས་མཚམས་ནི་གཞུང་འཛིན་མི་སྣ་ཚོས་བཟོས་པ་ཞིག་ཡིན་སྟབས་རིག་གཞུང་གི་ས་མཚམས་མཚོན་ཐུབ་མིན་གཉིས་ཀ་ཡོད་ཆོག ལོ་རྒྱུས་ཐོག་ནས་རྒྱ་ནག་རྒྱལ་པོ་ཆབ་སྲིད་ཀྱི་མངའ་དབང་ཐོག་དཔལ་ཡོན་ཆེ་ཞིང་། སོག་པོའི་རྒྱལ་པོ་དམག་ཐབས་ཐོག་དཔལ་ཡོན་རྒྱས་པ་དང་། བོད་ཀྱི་རྒྱལ་པོ་ཆོས་ཕྱོགས་ཐོག་དཔལ་ཡོན་ཧ་ཅང་རྒྱས་པར་གྲགས། དུས་ཡུན་འཁྱུག་ཙམ་རིང་སོག་པོས་རྒྱ་བོད་གཉིས་ཀར་དབང་སྒྱུར་བྱས་ཡོད། ཕྱོགས་གཞན་ཞིག་ནས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་ཤུགས་རྐྱེན་ཀིར་གྷི་སི་ཐན་(Kyrgyzstan)དང་ཨབ་གྷ་ནི་སི་ཐན་(Afghanistan)། ཨི་རན་(Iran)བཅས་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ཁག་ཏུ་ཁྱབ་པ་མ་ཟད། ཤར་ཕྱོགས་རྒྱ་ནག་དང་། བྱང་ཕྱོགས་སོག་ཡུལ། ལྷོ་ཕྱོགས་སུ་ཧི་མ་ལ་ཡ་ས་ཁུལ་དང་འབར་མ་བཅས་སུའང་ཤུགས་ཆེ་ཁྱབ་པ་བྱུང་ཡོད། དེར་བརྟེན་བོད་ཀྱི་ཆབ་སྲིད་དབང་ཤུགས་ཀྱི་ཁྱབ་ཚད་ས་ཁྲ་ལས་ཆོས་དང་ལེགས་བྱང་ཁྱབ་ཚད་ཀྱི་ས་ཁྲ་དེ་ཧ་ཅང་ཁྱབ་ཚད་ཆེ་བ་ཡོད། ཅེས་བཀའ་སློབ་སྩལ།

དེའི་རྗེས་སྐུ་པར་ལྷན་སྒྲོན་སྐབས་བོད་ཀྱི་རྒྱལ་དར་ལག་ཏུ་འཛིན་མཁན་ཚོགས་བཅར་བ་རྣམས་ལ་ཐུགས་ཞིིབ་མཛད་དེ་བཀའ་སློབ་སྩལ་དོན། ཁྱེད་རང་ཚོའི་ཁྲོད་འགའ་ཤས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་འདུག ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།   དེའི་སྐོར་ངོས་ལ་གནས་ཚུལ་ཞིག་བཤད་རྒྱུ་ཡོད། དེང་སྐབས་རྒྱ་ནག་ས་གནས་དམར་ཤོག་དཔོན་རིགས་བློ་གུ་དོག་པོ་དེ་འདྲ་འགའ་ཤས་ཀྱིས་བོད་ཀྱི་རྒྱལ་དར་འཁྱེར་རྒྱུར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད། ངོས་ཀྱིས་དཔོན་རིགས་དེ་ཚོར་གསལ་བཤད་འདི་ལྟར་བྱེད་རྒྱུ་ཡིན།

ཕྱི་ལོ་ ༡༩༥༤།༡༩༥༥ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་སྐབས་མའོ་ཙེ་ཏུང་དང་ཐེངས་འགའ་ཤས་མཇལ་རྒྱུ་བྱུང་། དེ་ནས་རིམ་བཞིན་མའོ་དང་ངོས་གཉིས་དབར་ཕ་བུའི་འབྲེལ་བ་ལྟ་བུ་ཆགས་ནས་མའོ་ཙེ་ཏུང་གིས་ངོས་ལ་བྱམས་སྐྱོང་ཧ་ཅང་གནང་བྱུང་། ཉིན་གཅིག་ཁོང་གིས་ “ཁྱེད་ཚོར་རྒྱལ་དར་ཡོད་དམ། ” ཞེས་འདྲི་སྐབས་ངོས་ཀྱིས་ཐེ་ཚོམ་ཕྲན་བུའི་ངང་ “བོད་ལ་རྒྱལ་དར་ཡོད།” ཅེས་ཞུས་པ་ཡིན། དེ་ནས་མའོ་ཡིས་རྒྱལ་དར་དེ་ངེས་པར་དུ་རྒྱ་ནག་གི་རྒྱལ་དར་དང་ལྷན་བསྒྲེང་འཛུགས་དགོས་པའི་ལམ་སྟོན་གནང་བྱུང་།   གལ་ཏེ་རྒྱ་ནག་དཔོན་རིགས་ཚོས་ཁྱེད་ཚོས་བོད་ཀྱི་རྒྱལ་དར་འཁྱེར་བ་དེར་སྐྱོན་བརྗོད་བྱས་ཚེ་ཁྱེད་ཚོས་ “མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆོག་པའི་ཆོག་མཆན་གནང་བ་རེད། ཅེས་ལན་འདེབས་བྱོས། ” ཞེས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ།

ཕྱི་ཚེས་ ༡༥ ཉིན་ལྰ་ཊི་ཝེ་ཡའི་(Latvia)རྒྱལ་ས་རི་གྷར་(Riga)༸ཞབས་སོར་འཁོད་གནང་མཛད་དེེ། ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་ཁུལ་དེར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། དེ་བཞིན་རྡོ་རྗེ་གཅོད་པའི་ཆོས་འབྲེལ་བསྐྱང་གནང་མཛད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་སི་ཀོན་ཏོ་ཚོགས་ཁང་ཆེན་མོའི་ Skonto Hall ནང་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་རྒྱུ་ཡིན་པ་དང་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆིབས་༸ཞལ་སྒྱུར་གཏན་འཁེལ་ཡོད་པ་བཅས་ཡིན་འདུག

གསར་འགོད་པ་སྐལ་བཟང་སྦྱིན་པས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

བསྐྱར་བཅོས།: ༢༠༡༨/༠༦/༡༦

Leave a Reply

2 thoughts on “མའོ་ཙེ་ཏུང་གིས་བོད་རྒྱ་གཉིས་ཀྱི་རྒྱལ་དར་ངེས་པར་མཉམ་དུ་བསྒྲེངས་དགོས་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་བཙན་ཤོས་རྒྱལ་དར་
    དང་གཅིག་དངུལ་ལོར་དང་གཉིས་སྐད་ཡིག་དང་གསུམ་
    ཆས་གོས་དང་བཞི་ཡུལ་མིའི་འཚོ་བ་བསྐྱེལ་སྟངས་དང་ལྔ་
    བཅས་དེ་དག་རྒྱུད་ནས་རང་བཙན་ཡིན་པའི་ཁུངས་བསྐྱེལ་
    ཐུབ་བོད་རང་བཙན་གྱི་རྒྱལ་ཁབ་མིན་ན་རྒྱལ་དར་ག་ནས་
    བྱུང་བ་རེད་དངུལ་ལོར་ག་ནས་བྱུང་བ་རེད་སྐད་ཡིག་ག་ནས་བྱུང་བ་རེད་ཆས་
    གོས་ག་ནས་བྱུང་བ་རེད་འཚོ་བ་བསྐྱེལ་སྟངས་ག་ནས་བྱུང་བ་རེད་
    དེ་ཚོ་ལྔ་ནི་བོད་རང་བཙན་ཡིན་པའི་ཁུངས་བསྐྱེལ་བཙན་ཤོས་ཡིན་
    པའི་ངོས་འཛིན་ཞུ་གི་ཡོད་དོ་།

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    གངས་རིའི་མགོན་པོ་གངས་ཅན་ཞིང་དུ་བལྟམས་།
    གངས་རིའི་མགོན་པོའི་འགྲོ་དོན་འཛམ་གླིང་ཁྱབས་།
    གངས་རིའི་མགོན་པོའི་འཛམ་གླིང་ཞི་བདེར་རྒྱུར་།
    གངས་རིའི་མགོན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་།