ཐུ་བྷོད་སྙན་ངག་མཁན་པོའི་མཚན་གནས་ཕུལ།

བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་གྲགས་ཅན་འཇུ་སྐལ་བཟང་ལགས་ལ་ཐུ་བྷོད་སྙན་ངག་མཁན་པོའི་མཚན་གནས་ཕུལ་ཡོད་འདུག

ཉེ་སྔོན་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་སྐབས་གཉིས་པ་སྟེ་བོད་རྒྱ་སྐད་གཉིས་ཀྱི་སྙན་ངག་འགྲན་སྡུར་ཐུ་བྷོད་སྙན་ངག་མཁན་པོའི་མཚན་གནས་ཞེས་པའི་དཔྱད་འདེམས་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་འཇུ་སྐལ་བཟང་ལགས་ལ་ཐུ་བྷོད་སྙན་ངག་མཁན་པོ་ཞེས་པའི་མཚན་གནས་ཕུལ་ཡོད་པ་དང་། དེ་བཞིན་རྩེར་སོན་སྙན་ངག་པ་དང་ཕུལ་བྱུང་སྙན་ངག་མཁན་གཉིས་ལའང་གཟེངས་རྟགས་ཕུལ་ཡོད་འདུག

ཐེངས་འདིའི་སྙན་ངག་འགྲན་སྡུར་ནང་བོད་ཤར་བརྒྱུད་ནས་བརྩམས་ཆོས་ ༣༧༦ ལས་བོད་ཡིག་གི་སྙན་ངག་ ༢༥༠ དང་རྒྱ་ཡིག་གི་ ༡༢༦། བོད་ནུབ་བརྒྱུད་ནས་བརྩམས་ཆོས་ ༢༣༦ལས་བོད་ཡིག་སྙན་ངག་ ༡༣༥ དང་རྒྱ་ཡིག་སྙན་ངག་ ༡༠༡ བཅས་ཁྱོན་བརྩམས་ཆོས་ ༦༡༢ ཡོད་པ་དང་། ཐུ་བྷོད་སྙན་ངག་མཁན་པོའི་མཚན་གནས་གཟེངས་རྟགས་ལྷན་ཚོགས་དང་དཔྱད་འདེམས་ལྷན་ཚོགས། ཧྥང་ལོ་ཀྲན་གསར་ཁང་བཅས་ནས་ཉིན་གྲངས་ ༢༠ རིང་གོ་བསྡུར་དཔྱད་འདེམས་བྱས་ཡོད་འདུག

རྩོམ་པ་པོ་འཇུ་སྐལ་བཟང་ལགས་ནི་ཕྱི་ལོ་ ༡༩༦༠ ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཏུ་སྐྱེས་ཤིང་།   ཕྱི་ལོ་ ༡༩༧༦ ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་ཏུ་ཞུགས་ཏེ་སློབ་གླིང་དེ་ནས་མཐར་ཕྱིན་པ་དང་མགོ་ལོག་ཏུ་དགེ་རྒན་གྱི་བྱ་བ་གཉེར་རྗེས། ད་ལྟ་མགོ་ལོག་ཁུལ་མི་རིགས་སྐད་ཡིག་ལས་སྒྲུབ་ཁང་དུ་ཕྱག་ལས་གནང་བཞིན་ཡོད་འདུག   ཕྱི་ལོ་ ༡༩༨༥ ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་བོད་ཀྱི་རྩོམ་རིག་རབ་འབྱམས་པའི་ཞིབ་འཇུག་ཐོན། ཁོང་ནི་རྒྱ་ནག་གྲངས་ཉུང་མི་རིགས་རྩོམ་རིག་ཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་རྒྱ་སྐད་གཉིས་ལོ་ཙྭ་བ་སོགས་ཀྱི་མཚན་གནས་ཡོད་པ་དང་།   རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་ད་བར་དུ་སྙན་ངག་དང་ལྷུག་རྩོམ་སོགས་བརྩམས་ཆོས་བརྒྱ་ཕྲག་ཁ་ཤས་སྤེལ་ཡོད་པ་དང་། ཁོང་གིས་རྩོམ་རིག་དང་སྙན་ངག་སྐོར་གྱི་དཔེ་དེབ་ཁག་ནི། གངས་འདབས་ཀྱི་སེམས་པ། དུང་སེམས་རླབས་ཀྱི་ཟེགས་མ། གངས་གྲོང་གི་རླུང་བུ། བསྒྱུར་དེབ་ལ་ཨ་མའི་སྙན་ངག་དང་།   དེ་བཞིན་རིག་གཞུང་དཔྱད་རྩོམ་སྐོར་ལ་སྙན་ངག་གི་རྣམ་བཤད་སོགས་ཡོད་འདུག  ཁོང་ལ་སྔ་གཞུག་ཏུ་རྒྱ་ནག་ཀྲོང་ཀྲུན་ཝིན་རྩོམ་རིག་བྱ་དགའ་དང་གངས་ཅན་རྟགས་ཅན་གྱི་བོད་ཀྱི་རྩོམ་རིག་བྱ་དགའ། རྒྱལ་ཡོངས་སུ་ཕུལ་བྱུང་ཆེད་ལས་མི་སྣའི་གཟེངས་རྟགས་ཀྱང་ཐོབ་ཡོད་པ་སོགས་བྱ་དགའ་མང་དག་ཅིག་ཐོབ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༡༩

Leave a Reply