ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐོན་རྒྱུ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་རྒྱལ་ཁབ་སྒེར་བས་མངོན་འདོད་སྒྲུབ་ས་ཞིག་ཏུ་གྱུར་ཡོད་པས་ཨ་རི་ལྷན་ཚོགས་དེ་ལས་ཕྱིར་འཐོན་རྒྱུ་ཡིན་སྐོར་བསྒྲགས།ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་མགོ་འཛུགས་ཀྱིས་བདུན་ཕྲག་གསུམ་རིང་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨ པ་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་ཚོགས་བཞིན་ཡོད་པ་དང་། ཁ་སང་ལྷན་ཚོགས་ཐོག་ཨ་རིའི་སྐུ་ཚབ་ལྕམ་ནེ་ཁེ་ཧ་ལེ་ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེས་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོ་བསྐྲུན་ཐབས་བྱས་པ་ཙམ་ལས་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེེད་ཐུབ་ཀྱི་མེད་སྟབས། ཨ་རི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ལས་ཕྱིར་འཐོན་རྒྱུ་ཡིན་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནི་རང་དོན་ཁོ་ན་སྒྲུབ་པའི་ཚོགས་པ་ཞིག་ཡིན་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་ཁྱད་གསོད་གཏོང་གི་ཡོད་ལུགས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཛེ་ཌི་ར་ཨལ་ཧོ་སིན་ལགས་ཀྱིས།  དེ་རིང་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བལྟས་པ་ཡིན་ན་ཨ་རི་ཕྱིར་འཐོན་པ་ལས་མདུན་སྐྱོད་བྱེད་དགོས་ཀྱི་ཡོད་ཀྱང་། གནད་དོན་འདིའི་ཐད་བློ་ཕམ་བྱུང་། ཞེས་བརྗོད་ཡོད་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེ་གྷ་ཊི་རེ་སི་ལགས་ཀྱིས་ཨ་རི་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་སུ་འདུག་པར་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ཐེངས་འདིར་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐོན་དོན་ནི། གཅིག ན་ནིང་ཨ་རིས་ཇོ་རེ་སི་ལིམ་དེ་ཨེ་ཟི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་ཏེ་པ་ལི་སི་ཐན་དང་ཨེ་ཟི་རལ་གཉིས་པར་རྩོད་རྙོག་དང་། པ་ལི་སི་ཐན་མི་མང་གི་མངོན་འདོད་རྡོག་རོལ་གཏོང་གི་ཡོད་པར་ངོས་འཛིན་གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཨ་རིར་སྐྱོན་བརྗོད་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་ཨ་རིིའི་སྐུ་ཚབ་ལྕམ་ནེ་ཁེ་ཧ་ལི་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཨི་ཟི་རལ་ལ་ཆབ་སྲིད་ཀྱི་དབྱེ་འབྱེད་དང་ཁ་གཏད་གཅོག་གི་ཡོད་སྟབས། ཨ་རི་ལྷན་ཚོགས་དེའི་ཚོགས་ཁོངས་སུ་འདུག་རྒྱུར་བསམ་བློ་གཏོང་གི་ཡིན། ཞེས་བརྗོད་ཡོད་པ་དང་། གཉིས། ཉེ་སྔོན་སྲིད་འཛིན་ཊོམ་ཕུས་ཨ་རིའི་ནང་གི་མེག་སི་ཁོའི་སྐྱབས་བཅོལ་བའི་བུ་ཕྲུག ༢༠༠ ཙམ་ཞིག་སོ་སོའི་ཕ་མ་དང་ཁ་བྲལ་གྱིས་མེག་སི་ཁོར་ཕྱིར་ལོག་བཅུག་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཨ་རིར་སྐྱོན་བརྗོད་ཤུགས་ཆེན་བྱས་པ་སོགས་ཀྱིས་ཡིན་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས། འདི་ནི་སྲིད་འཛིན་ཊོམ་ཕུ་འཛིན་སྐྱོང་གི་དགག་བྱ་གསར་ཤོས་དེ་ཆགས་ཡོད་པ་དང་། འཛམ་གླིང་ནང་གི་འཐབ་རྩོད་པ་སྤྱི་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་གི་ཡོད་པའི་ངོས་འཛིན་དེ་སྔར་བཞིན་གནས་རྒྱུ་མིན་པ་མ་ཟད། ཨ་རི་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཉིས་པར་རྩོད་རྙོག་བསྟུད་མར་བྱུང་གི་ཡོད་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་བྷུ་ཞི་ཡིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གསར་འཛུགས་སྐབས་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། ད་ལྟའི་སྲིད་འཛིན་ཊོམ་ཕུའི་རྒྱལ་སྲིད་ལམ་སྟོན་པ་ཇོ་ཧན་བྷོལ་ཊོན་ལགས་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འགལ་ཟླའི་བསམ་བློ་ཤུགས་ཆེན་འཛིན་མཁན་ཞིག་ཡིན་པ་མ་ཟད། ཨ་རི་གཞུང་གིས་དེ་སྔ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ལེན་མེད་ལུགས་ཀྱི་རྒྱུ་མཚན་བགྲང་གི་ཡོད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༦ ལོར་གསར་དུ་བཙུགས་ཡོད་པ་དང་། དམིགས་ཡུལ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་ཏེ་མི་སྒེར་ཚང་མའི་ཐོབ་ཐང་འདྲ་མཉམ་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་འདུག ད་ལྟའི་ཆར་ལྷན་ཚོགས་དེ་ལ་ཚོགས་མི་ཁྱོན་རྒྱལ་ཁབ་ ༤༧ འདུག ལྷན་ཚོགས་དེས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་རྒྱལ་ཁབ་ཁག་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་དུ་འཇུག་བཞིན་ཡོད་སྟབས། རང་དབང་དང་དམངས་གཙོ། དེ་བཞིན་འགྲོ་མིའི་ཐོབ་ཐང་དོན་གཉེར་བ་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༢༠

Leave a Reply