རྣལ་འབྱོར་ལུས་སྦྱོང་ལ་ཞུགས་པའི་མྱོང་ཚོར་རགས་བསྡུས།

རྒྱ་གར་སྐད་དུ་ཡོ་གའམ་བོད་ཀྱི་སྐད་དུ་རྣལ་འབྱོར་ཞེས་པ་ནི་ཧ་ཅང་ཟབ་ཅིང་ཆ་ལག་ཡོངས་སུ་ཚང་བའི་ལུས་སེམས་རྣལ་དུ་སྦྱོར་བའི་ཚན་རིག་ཞིག་གམ་འགྲོ་བ་མིའི་རིགས་ཀྱི་ལུས་ཁམས་དང་སེམས་ཁམས་ལ་ནད་མི་འབྱུང་ཞིང་བདེ་ཐང་ངང་ཇི་ལྟར་གནས་པའི་ཐབས་སམ་འཕྲོད་བསྟེན་གྱི་བྱ་བ་གལ་ཆེ་ཞིག་ལ་གོ་བ་ཡིན། རྣལ་འབྱོར་ལུས་སྦྱོང་གི་ཉམས་ལེན་ནི་མི་རྣམས་ཀྱི་ལུས་ལ་ནད་མི་འབྱུང་བའི་སྔོན་འགོག་དང་། ནད་གསོ་བའི་སྨན། ནད་མེད་ཚེ་རིང་དུ་བསྲིང་བའི་ཐབས་ལམ། དུས་རྒྱུན་དུ་ལུས་ཡང་པོ་དང་སེམས་སངས་པོར་གནས་ཤིང་བྱ་བ་གང་ཡང་དྲན་ཤེས་བརྟན་པའི་སྒོ་ནས་བདེ་བླག་ཏུ་སྒྲུབ་ཐུབ་པའི་ནུས་རྩལ་ལྟ་བུར་གྱུར་ཅིང་། དེས་འཕྲོད་བསྟེན་ཡར་རྒྱས་ལ་ཤུགས་རྐྱེན་ཧ་ཅང་སྤྲད་ཡོད་པ་བརྟེན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཡོ་ག་ཞེས་རླུང་ལྟར་གྲགས་ཤིང་། རྒན་གཞོན་དབྱེར་མེད་ཀྱིས་དེ་ལ་ཉིན་རེ་བཞིན་དོ་སྣང་ཆེས་ཆེར་འགྲོ་བཞིན་ཡོད། ཡོ་གའམ་རྣལ་འབྱོར་གྱི་ཐོག་མའི་འབྱུང་ཁུངས་ནི་རྒྱ་གར་ཡིན་ཞིང་།  དུས་ནམ་ཞིག་ཏུ་བྱུང་མིན་ནི་མཁས་པ་རྣམས་ཀྱི་རྩོད་གཞི་ཡིན་མོད། རིག་བྱེད་གཞུང་དང་གནའ་ཤུལ་རྡོ་བརྐོས་སོགས་སུ་གསལ་བར་གཞིགས་ན་ལོ་ལྔ་སྟོང་ཙམ་གྱི་ཡན་མན་ནས་དར་བར་བཤད།
རྣལ་འབྱོར་གྱི་སྐད་དོད་དང་སྒྲ་དོན།

ཡོ་ག་ཞེས་པ་ལེགས་སྦྱར་གྱི་ཚིག་ཡུ་ཛུ་(yuj)ལས་བསྒྲུབས་ཤིང་། ཡུ་ཛིར་(Yugira) ཏེ་སྦྱོར་བའི་དོན་དང་། ཡུ་ཛ་(Yuja) ཏིང་ངེ་འཛིན་དང་ཡང་དག་པར་སྡོམ་པའི་དོན་ལ་འཇུག་པ་ཡིན། སྦྱོར་ཞེས་པའི་དོན་ནི་རྣལ་འབྱོར་གྱི་ལྟ་བ་(Yoga Darshan) སྟོན་པའི་གཞུང་ལུགས་དག་ལས་ཆོས་ལུགས་ཀྱི་ལྟ་གྲུབ་ལ་སྦྱར་ཏེ་རྒྱས་པར་འཆད་ཡོད་ཀྱང་། གནས་སྐབས་ལུས་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ཏེ་སྦྱོར་ཞེས་པའི་ཚིག་དོན་ཟུར་ཙམ་འགྲེལ་ན། སྡོམ་པ་( Yama) དང་། ངེས་པར་སྡོམ་པ་ (Niyama) བཞུགས་སྟངས་(Asana) སྲོག་གི་རྩོལ་བ་(Pranayama) སོ་སོར་སྡུད་པ་(pratyahara) འཛིན་པ་ (Dharana)བསམ་གཏན་ (Dhyana) ཏིང་ངེ་འཛིན (Samadhi) བཅས་བརྒྱད་དེ། སྙིམ་ལྷུང་གི་ཡན་ལག་བརྒྱད་ལྡན་གྱི་རྣལ་འབྱོར་(Patanjali’s Astang Yoga)ཆ་ཚང་ངམ་གང་རུང་གི་ཉམས་ལེན་ལ་བརྟེན་ནས་ལུས་བྱ་བ་གང་ལ་བཞུགས་པ་དེ་ལ་སེམས་ཟུང་དུ་སྦྲེལ་པའམ་ལུས་ངག་ཡིད་གསུམ་གང་དུ་བཞུགས་པའི་ཡུལ་དེ་ལ་དྲན་ཤེས་བརྟན་པོའི་སྒོ་ནས་འཇུག་ཐབས་བྱེད་པ་ལ་སྦྱོར་བ་ཞེས་སོ། དཔེར་ན། དབུགས་ནང་དུ་རྔུབ་ན་རྔུབ་པའི་ཚོར་བ་འདྲེན་ཐུབ་པ་དང་ཕྱིར་འབྱིན་ན་འབྱིན་པའི་ཚོར་བ་འདྲེན་ཐུབ་པ་ལྟ་བུ། ཁ་རྒྱུན་དུ། ལུས་དྲང་ན་རྩ་དྲང་། རྩ་དྲང་ན་སེམས་དྲང་། ཞེས་བཤད་སྲོལ་ཡོད་པ་བཞིན་ལུས་སེམས་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཚུལ་དུ་གནས་ཡོད་པས་དེ་གཉིས་གཅིག་ལ་གཅིག་མཐུན་ཡོང་བའམ་ལུས་སེམས་རྣལ་དུ་སྦྱོར་བ་ནི་རྣལ་འབྱོར་གྱི་ཉམས་ལེན་ལ་བརྟེན་དགོས།

སྤྱིར་རྣལ་འབྱོར་གྱི་ལག་ལེན་དེ་མི་མང་དཀྱུས་མའི་སྤྱི་ཚོགས་སུ་བདེ་ཐང་གི་ལག་ཆ་ལྟ་བུ་ཞིག་གི་ངོ་བོར་རིམ་བཞིན་དར་རྒྱས་རྒྱ་ཆེར་ཕྱིན་ཡོད་པ་དང་བསྟུན་ཏེ། དེའི་ཉམས་ལེན་བྱེད་སྟངས་དང་མཚན་ཉིད་འཇོག་སྟངས་སོགས་ལའང་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད།སྔ་མོའི་རྣལ་འབྱོར་ནི། སྙིམ་ལྷུང་གི་རྣལ་འབྱོར་མདོ་ལས། (Patanjali’s Yoga Sutra) རྣལ་འབྱོར་ནི་སེམས་ཀྱི་རྒྱུ་བ་འགོག་པའོ། ། ཞེས་གསུངས་པ་ལྟར། ཐར་པ་འཐོབ་པར་གེགས་སུ་འགྱུར་བའི་སེམས་ཡུལ་ལ་གཡེངས་བའམ་ཆགས་པ་སོགས་གྱི་རྣམ་རྟོག་གི་རྒྱུ་བ་ཇི་ལྟར་འགོག་པའི་སྒོམ་སྒྲུབ་དང་ཏིང་ངེ་འཛིན་གྱི་ཉམས་ལེན་བསྒྲུབ་བྱ་གཙོ་བོ་ཡིན།

དེང་སང་རྣལ་འབྱོར་ཟེར་དུས་ལུས་སྦྱོང་དང་རླུང་སྦྱོང་ཙམ་ལ་གོ་དགོས་ཡོད་པ་ལྟ་བུའི་དེ་གཉིས་ཀྱི་དར་ཁྱབ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཨཱ་ས་ན་( Asana-posture) ནི་འདུག་སྟངས་སམ། སྐྱིལ་ཀྲུང་ངམ།བཞུགས་སྟངས་ཀྱི་དོན་ལ་གོ་དགོས་ཀྱང་བོད་པའི་སྤྱི་ཚོགས་སུ་ལུས་སྦྱོང་ཞེས་ཡོངས་སུ་གྲགས་པ་ཡིན། དེ་ནི་རྣལ་འབྱོར་རིམ་པ་བརྒྱད་ལས་གསུམ་པ་དེ་ཡིན་ཞིང་། རླུང་གི་རྣལ་འབྱོར་གྱིས་རྩ་མདུད་གྲོལ་མ་ཐུབ་པའི་གང་ཟག་རྣམས་ཀྱིས་དང་པོ་ལུས་སྦྱོང་བ་ན་ལུས་ལ་དྲོད་བསྐྱེད་པ་དང་། རྩ་གནས་ཤིན་ཏུ་དོག་པའི་གནས་སུ་རླུང་སེམས་མི་འགྲོ་བ་ཡོད་པ་དེ་དག་གྲོལ་བ་དང་། རྩ་མདུད་ཐམས་ཅད་གཞིག་པར་བྱེད་པ་བཅས་ཀྱི་རྒྱུ་མཚན་གྱིས་རླུང་སྦྱོང་གི་སྔ་རོལ་དུ་ཨཱ་ས་ན་བསྟན་པར་འདོད། དེ་བཞིན་རྣལ་འབྱོར་རིམ་པ་བརྒྱད་ལས་བཞི་པ་པྲཱཎཱ་ཡཱམའི་(Pranayama)སྐད་དོད་ལ་སྲོག་གི་རྩོལ་བ་ཞེས་ནང་པའི་གཞུང་ཆེན་གྱི་དཔེ་ཆ་ཁག་ཏུ་གསལ་ཡོད་ཀྱང་དེར་རླུང་སྦྱོང་ངམ་རླུང་སྦྱོར། ཡང་ན་དབུགས་སྦྱོང་སོགས་ཐ་སྙད་ཅི་རིགས་སྤྱོད་བཞིན་ཡོད་པ་དག་ལས་དོན་ལ་གང་འཚམ་མིན་ལ་དཔྱད་དགོས་པར་སྣང་། རླུང་སྦྱོང་གི་རིགས་ཧ་ཅང་མང་ཡང་གཙོ་བདུན་ནི་གྲགས་ཆེ་ཤོས་དང་ཕན་ཡོན་ཆེ་ཤོས་སུ་རྩིས་ཡོད། ལུས་ཀྱི་རྩ་དང་ཤ་རྒྱས་སོགས་བཤང་བ་ལ་བརྟེན་ནས་རླུང་སྒོམ་པར་སླ་རུ་གཏོང་བ་དང་དམིགས་པ་བརྟན་དུ་འགྲོ་བས་ཨཱ་ས་ནའི་རྗེས་དང་པྲཱཏྱཱཧཱརའི་སྔོན་དུ་པྲཱཎཱཡཱམ་བསྟན་པ་ཡིན།

ལུས་སྦྱོང་བྱས་པའི་ཕན་ཡོན།

སྤྱིར་ལུས་སྦྱོང་གིས་ཕན་དང་མི་ཕན་ཟེར་བ་ནི་དབུགས་ལེན་སྟངས་དང་ལུས་ཀྱི་ཁུར་སྟངས་སོགས་མ་ནོར་བར་ཡང་དག་པ་དང་། ཚད་རན་པ། རྒྱུན་མཐུད་ནས་སྦྱོང་དང་མི་སྦྱོང་དང་། ཡིད་ཆེས་ཡོད་མེད་སོགས་རྐྱེན་མང་པོར་རག་ལས་ཡོད་པར་སེམས། རྐྱེན་དེ་དག་ཚང་བའི་ལུས་སྦྱོང་ཚད་དང་ལྡན་པ་བྱེད་ཐུབ་ན། ལུས་ཀྱི་རྩ་བཤང་པ་དང་ཤ་སྒྲིམ་སོགས་མཉེན་པོ་ཆགས་ཏེ་ལུས་ལ་འཚོ་རླུང་འདང་ངེས་སྤྲད་དེ་གཟུགས་པོའི་དུག་རླུང་ཕྱིར་འདོན་ཐུབ་པ་དང་། སྒལ་ཚིགས་སོགས་ལུས་འགུག་པ་དང་བཀྱོག་པ་རྣམས་དྲང་པོར་སྲོང་དེ་ལུས་ཀྱི་དབྱིབས་བཟང་དུ་གཏོང་བ། ཁྲག་འཁོར་རྒྱུག་ཡག་པོ་བྱེད་ཐུབ་པ་ལ་བརྟེན་ན་ངོ་མདོག་ལ་གཉེར་མ་མི་འཁོར་བ་དང་ཁམས་དང་དུ་འགྲོ་བ། འཇུ་བྱེད་མ་ལག་སོགས་དོན་ལྔ་སྣོད་དྲུག་གི་བྱེད་ལས་བཟང་དུ་ཕྱིན་ནས་ཟས་འཇུ་སླ་བ་དང་། དུས་ཐོག་ཏུ་ཟ་ཐུབ་པ། འཚོ་རླུང་དང་ལྡན་པའི་ཁྲག་རིགས་ལུས་ཀྱི་སྟོད་སྨད་ཆ་ཤས་ཀུན་ཏུ་སྐྱེལ་ཐུབ་པ། ལུས་ཁམས་འདེགས་སྐྱོར་དང་གཟུགས་དབྱིབས་སྲུང་འཛིན་ཀྱི་བྱེད་ལས་ལྡན་པའི་རུས་པ་སྲ་བརྟན་དུ་གཏོང་བ་དང་། བྱ་བ་གང་ལ་ཞུགས་ཀྱང་དེ་ལ་སེམས་རྩེ་གཅིག་ཏུ་གནས་ཐུབ་པ་སོགས་ཀྱི་ཁེ་ཕན་ཧ་ཅང་མང་། ལུས་སྦྱོང་གི་རྣམ་པའམ་བཞུགས་སྟངས་མི་འདྲ་བ་ལ་བརྟེན་ནས་འགའ་རེས་ལུས་སེམས་ལ་ངལ་གསོ་སྟེར་བ་དང་། འགའ་རེས་གཟུགས་པོར་ནུས་ཤུགས་སྤེལ་བ་སོགས་ཀྱི་ཁེ་ཕན་ཀྱང་མི་གཅིག་པ་ཡོད། དཔེར་ན། ཐོང་གཤོལ་ལྟར་གྱི་བཞུགས་སྟངས(halasana –phough pose) སྦྱོང་བའི་ཕན་ཡོན་ཡང་། འཕྲང་སེལ་ལས།

གཤོལ་གྱིས་སྒལ་རྒྱུང་དོན་དང་སྣོད།།

ཡན་ལག་འཆུ་རྩའི་ནད་རིགས་སེལ།།

རླུང་ལྔ་སྙོམས་ཤིང་ནུས་སྟོབས་བསྐྱེད།།

རྩལ་སྦྱོང་བོགས་འདོན་དེ་བཞིན་ནོ།། ཞེས་སྒལ་རྒྱུད་ཀྱི་ཚིགས་རུས་རྣམས་དང་། རྒྱུང་པ། སྙིང་དང་གློ་བ། མཆིན་པ། མཚེར་པ། མཁལ་མ་གཡས་གཡོན་བཅས་དོན་ལྔ་དང་། ཕོ་བ། རྒྱུ་མ། ལོང་ག མཁྲིས་ཐུམ། ལྒང་པ། བསམ་སེའུ་བཅས་སྣོད་དྲུག་གི་ནད་རིགས་དང་། མགོ་བོ། རྐང་ལག་བཅས་ཡན་ལག་ལྔའི་འཆུ་རྩའི་ནད་རིགས་རྣམས་སེལ་ཐུབ་པ་དང་། སྲོག་རླུང་དང་གྱེན་རྒྱུ། མེ་མཉམ། ཐུར་སེལ། ཁྱབ་བྱེད་བཅས་རླུང་རྣམ་པ་ལྔ་ཆ་སྙོམས་ཤིང་། དེ་རྣམས་ཀྱི་བྱེད་ལས་ཀྱི་ནུས་པ་ཉམས་ཤིང་གུད་པ་སོགས་ཀྱི་སྟོབས་ཤུགས་བསྐྱེད་ཐུབ་པ་བཅས་ཀྱི་ཕན་ཡོན་ཡོད་པ་གསུངས་ཡོད། ལུས་སྦྱོང་གིས་ལུས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གཅིག་པུ་ཙམ་དུ་མ་ཟད་ཉིན་རེའི་མི་ཚེ་སྐྱེལ་སྟངས་ཐོག་ལ་ཡང་འགྱུར་བ་ཆེན་པོ་གཏོང་བའི་དཔེ་མཚོན་མང་པོ་བཤད་རྒྱུ་ཡོད། འོན་ཀྱང་། དུས་རྟག་ཏུ་སེམས་ལ་ངེས་དགོས་པ་གཅིག་ལ། ནད་མེད་བདེ་ཐང་དུ་གནས་པའི་འཕྲོད་བསྟེན་གྱི་གཙོ་གནས་ཆེ་ཤོས་ནི་ཕྲག་དོག་དང་འགྲན་སེམས། སྐྲག་སྣང་དང་རེ་དོགས་སོགས་ཀྱིས་མ་བསླད་པའི་སེམས་སྤྲོ་སྣང་ལྡན་པ་དེ་ཡིན་པས་རྟག་ཏུ་སེམས་སྐྱིད་དགོས། དེ་ནི་བདེ་ཐང་གི་སྨན་མཆོག་ཡིན།

རྣལ་འབྱོར་ལ་གསར་ཞུགས་ཚོས་ཐུགས་སྣང་དགོས་པའི་གནད།

དུས་ཚོད། ལུས་སྦྱོང་གི་དུས་ཚོད་ལ་ངེས་པ་མེད་ཀྱང་། བྱུང་ན་སྔ་དྲོའི་ཆུ་ཚོད་དྲུག་པ་ནས་བདུན་པ་ཡན་མན་དང་དགོང་དྲོའི་ཆུ་ཚོད་ལྔ་པ་ནས་དྲུག་པ་ཡན་མན་གྱི་དུས་ཚོད་དེ་ཡག་ཤོས་ཡིན། དགོང་དྲོའི་ཆུ་ཚོད་བདུན་པའི་རྗེས་ལུས་སྦྱོང་ལྗིད་པོའི་རིགས་དང་ལྷག་པར་རླུང་སྦྱོང་ཤུགས་ཆེན་བྱས་ན་ལུས་སེམས་ཧ་ཅང་སངས་པོ་ཆགས་ཏེ་གཉིད་ཁུག་པ་སོགས་ལ་གནོད་པས་ཐུགས་ལ་འཇོག་དགོས།

 གནས། མཁའ་རླུང་གཙང་ས་དང་གུ་ཡངས་སའི་གནས་ལ་བྱུང་ན་ཡན་ལག་རྐྱང་བརྐུམ་བདེ་བ་དང་། སེམས་ཁམས་དྭངས་བ། འཚོ་རླུང་གཙང་མ་རྔུབ་ལེན་ཐུབ་པ་བཅས་ཀྱི་དགེ་མཚན་ཆེ། ད་དུང་ཉི་འོད་ཆེ་ས་དང་ཧ་ཅང་གྲང་སའི་གནས་ལ་རྩེད་ན་མི་ལེགས།

ཟས་དང་ལྟོ་བ། ལུས་སྦྱོང་དང་རླུང་སྦྱོང་གང་ཡིན་རུང་ལྷོ་སྟོང་ལ་སྦྱོང་དགོས། འཇུ་དཀའ་བའི་ཟས་རིགས་ཟོས་ཡོད་ན་ཉུང་མཐར་ཆུ་ཚོད་བཞིའི་བར་སྟོང་ངེས་པར་འཇོག་དགོས། ཞོགས་པ་མལ་ལས་ལངས་མ་ཐག་ཆུ་འཐུང་པ་དང་།(ལུང་སྦྱོང་དང་དབུགས་སྦྱོང་རྩེད་བཞིན་པའི་སྐབས་ཆུ་འཐུང་ན་མི་ལེགས) ལུས་སྦྱོང་གི་སྔ་རོལ་དུ་བཤང་གཅི་མ་བཀག་པར་ལྟོ་བ་གཙང་མ་བཟོ་རྒྱུ་ཧ་ཅང་གལ་ཆེ།

གདན་གོས། ལུས་སྦྱོང་སྐབས་གཟུགས་པོ་གང་དུ་བརྐྱངས་བཀུམ་བྱེད་ཀྱང་འགོག་རྐྱེན་མི་སྟེར་བའི་གོས་བདེ་པོ་དང་ཡང་པོ་གྱོན་དགོས། དེ་བཞིན་ཐོགས་པ་དང་འབྲེད་བརྡབ་ཤོར་འགྲོ་བའི་རིགས་མ་ཡིན་པ་དང་། སྲབ་མཐུག་འཚམ་པའི་ལུས་སྦྱོང་གི་སྟན་ནམ་གདན་རན་པོ་དགོས། གོས་གདན་མི་བདེ་བ་ན་སེམས་འཆལ་བ་དང་རྩ་བརྐྱངས་བཀུག་སོགས་ལ་གནོད།

དབུགས། ལུས་སྦྱོང་སྐབས་དོ་སྣང་སྤྲད་དགོས་སའི་གནད་ཆེ་ཤོས་ནི་དབུགས་ཡིན། དབུགས་གཏོང་ལེན་དང་ལུས་ཀྱི་ཕྱག་རྒྱ་གཉིས་ཡ་མ་བྲལ་བར་གཞས་དང་རོལ་དབྱངས་ཀྱི་འགྱུར་ཁུག་བཞིན་མཉམ་དུ་སྦྱོར་དགོས། དཔེར་ན། ལག་པ་དལ་གྱི་ཡར་བཀྱག་བཞིན་དབུགས་ནང་དུ་རྔུབ་འཐེན་བྱེད་པ་དང་ལག་པ་དལ་གྱི་མར་འཇོག་བཞིན་དབུགས་ཕྱིར་གཏོང་བ་ལྟ་བུ།གནས་སྐབས་འགར་ལ་མ་གཏོགས་ལུས་སྦྱོང་བྱེད་སྐབས་དང་དུས་རྒྱུན་དུ་ནས་སྣ་སྦུབས་ཁོ་ན་བརྒྱུད་ནས་དབུགས་འབྱིན་རྔུབ་བྱེད་དགོས་གལ་ཆེ་བ་ཡིན། སྣ་སྦུབས་ཀྱི་སྤུ་དང་རྣ་ཆུས་རྔུབ་རླུང་དང་འདྲེས་པའི་ཐལ་རྡུལ་སོགས་བཀག་ཉར་བྱེད་པ་དང་། མཁའ་རླུང་གྲང་མོ་དྲོད་གཤེར་དུ་བསྒྱུར་ནས་རླུང་དྭངས་མ་གྲེ་བ་བརྒྱུད་ནང་དུ་གཏོང་ཏེ་རྡུལ་དང་སྤུ་སྙིགས་སོགས་བཀག་འགོག་གིས་གློ་བར་སྲུང་སྐྱོབ་བྱེད་པ་ཡིན།

སེམས་ཀྱི་གནས་བྱ། ཆགས་སྡང་། ཁོང་ཁྲོ་སོགས་ཀྱི་དབང་འོག་ཏུ་སེམས་འཁྱམ་དུ་མ་བཅུག་པར་ལུས་རྩ་ཕྲན་དང་ཤ་རྒྱུས་རེ་རེའི་འགུལ་བསྐྱོད་ལ་ཡང་དོ་སྣང་གིས་ལུས་སེམས་གཅིག་ཏུ་གནས་དགོས།

ཆ་སྙོམས་དང་གོ་རིམ། ལུས་སྦྱོང་བྱེད་དུས་ལུས་ཀྱི་ཕྱོགས་གཅིག་ཁོ་ནར་མ་ཡིན་པ་གཡས་གཡོན་དང་། སྟེང་འོག ལངས་འདུག་སོགས་ལུས་ཀུན་ལ་འཐེན་སྦྱོང་ཐེབས་པའི་ཆ་སྙོམས་པོ་དང་། སྔོན་ལ་ཅི་ཞིག་རྩེད་དགོས་དང་རྗེས་ལ་ཅི་ཞིག་རྩེད་དགོས་གོ་རིམ་དང་ལྡན་པའི་སྒོ་ནས་སྦྱོང་དགོས། ཧ་ཅང་མང་དྲགས་རྒྱུ་མེད།

 དགག་བྱ། རང་གི་གཟུགས་པོའི་གནས་སྟངས་ལ་གཞིག་སྟེ་ལུས་སྦྱོང་གང་བྱེད་དགོས་དང་མི་དགོས་སོགས་ཀྱི་དགག་དགོས་རིགས་ཀྱང་ཤིན་ཏུ་མང་བས་དེ་དག་ལ་ཐུགས་སྣང་གནང་དགོས་པའང་གལ་ཆེ་བ་ལགས་སོ།།

ཀུན་ཀྱང་ལུས་སེམས་བདེ་དགའི་ངང་འཚོ་བའི་སླད་དུ་པདྨ་དཔལ་དབྱངས་སམ་དྲྭ་མིང་དབྱིངས་སད་མར་འབོད་པས་རྒྱལ་སྤྱིའི་རྣལ་འབྱོར་གྱི་ཉིན་མོར་ཝཱཎཱ་གཙུག་ལག་སློབ་གཉེར་ཁང་དུ་སུག་བྲིས་བགྱིས་སོ།།

བསྐྱར་བཅོས།: ༢༠༡༨/༠༦/༢༡

Leave a Reply